བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཕྱི་ལོག་ནས་བསྐྱར་དཔར།
བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།
སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་གངས་སྐྱིད་ཁ་པ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ཚོགས་ཁང་གསར་པའི་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་རྩོམ་སྒྲིག་འོག བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་མཁས་དབང་ལྔ་བཅུ་ལྷག་གིས་ཐ་སྙད་གསར་པ་གཏན་འབེབས་དང་གསར་བཟོ་གནང་བའི་ཚིག་མཛོད་༼ རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཅེས་པའི་དཔེ་དེབ་དེ་བསྐྱར་དཔར་གྱི་ཆོག་མཆན་འོག་དབུ་འབྱེད་གནང་ཡོད། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་ཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་དང་། བརྡ་ཆད་གཏན་འབེབས་ལས་འཆར་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་ཀརྨ་སྨོན་ལམ་ལགས་ཕེབས་འདུག མིང་མཛོད་གསར་པ་འདིའི་མཇུག་བྱང་དུ། “བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཅེས་པ་འདི་ནི། བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ། སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་བོ་གསུམ་ཀྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ། འདིར་ཁྱོན་ཐ་སྙད་ ༡༠༠༠༠ ལྷག་ཡོད” ཅེས་བཀོད་འདུག
དེ་ལས་མང་། »


