ཐ་སྙད་དེ་དང་བཀྱེད་ན་བཟང་།

  • གུ་རུ་འོད་གསལ།

    བུད་མེད་ཅིག་གིས་ཆགས་གཏམ་བཤད་དུས་སེམས་ཀྱི་སྤྲོ་བ་རབ་ཏུ་འཕེལ།།
    མི་རིགས་ཤིག་གི་ལ་རྒྱའི་ཁོག་དཔུང་བསྐྱངས་ན་ཕྲག་དོག་རྟག་ཏུ་བྱེད།།
    ཁ་སྟོང་ནང་གི་ཚིག་སྟོང་བཤད་པར་དགའ་བའི་བདག་གི་ཁོར་ཡུག་ལ།།
    འདང་རེ་རྒྱབ་ནས་ཐེངས་རེ་ལྟོས་ན་སེམས་རེ་སྐྱོ་ཞིང་ཞེ་རེ་སྡུག།

    མི་རིགས་འདི་ཡི་ལ་རྒྱའི་དོན་དུ་ཁུ་ཚུར་ལོག་ལོག་འཕྱར་ཐུབ་ཟེར།།
    མི་རིགས་འདི་ཡི་བདེ་སྡུག་ཆེད་དུ་ཨ་རག་མང་པོ་བཞེས་ཐུབ་ཟེར།།
    འཕྱར་ཡང་འཕྱར་ལ་བཞས་ཀྱང་བཞས་བའི་རྨོངས་འཐོམས་ཁོར་ཡུག་ཆུང་ཆུང་ནས།།
    ཁ་ཡག་ངོ་བསྟོད་ཕྱོགས་ལ་མཁོ་བའི་ཨ་གསར་སྐད་ཆ་ཇེ་མང་རེད།།

    ཕྱི་ཚུལ་འཕེལ་ཞིང་ནང་སེམས་རུལ་བའི་བདག་གི་ཤ་ཉེ་བོད་པ་ཚོ།།
    རང་སྐྱོན་བསྐྱུར་ནས་གཞན་སྐྱོན་ཞུ་བའི་ཁ་ཕོ་ཆེན་པོ་མི་དགོས་ལ།།
    རང་ཉིད་བསམ་ནས་རང་རིགས་བཙོང་བའི་རང་གི་ངོ་ཚ་མི་ཉོ་བར།།
    ཕྲག་དོག་པ་དང་བླ་བཙོང་པ་ཡི་ཐ་སྙད་དེ་དང་བཀྱེད་ན་བཟང་།།

  • གོང་ས་མཆོག་གི་དགུང་གྲངས་བདུན་ཅུ་དོན་ལྔའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས།

    ད་ལོའི་སྤྱི་ཟླ་༧པའི་ཚེས་༦ཉིན་ནི་གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་སོན་པའི་འཁྲུངས་སྐར་དུས་ཆེན་ཡིན་པས་། རྒྱ་གར་ངྷ་རམ་ས་ལ་གཙོས་འཛམ་གླིང་ཡུལ་གྲུ་སོ་སོར་གནས་པའི་བོད་མི་ཚོས་སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་བསུས་པ་བཞིན། ཚེས་༦ཉིན་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་འབྲེལ་མཛད་སྒོའི་ཐོག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདིར་བཞུགས་བོད་མི་ཡོངས་དང་ཡུལ་གྲུ་སོ་སོའི་གྲོགས་པོ་རྣམ་པ། ལྷག་པར་རྒྱ་རིགས་གྲོགས་པོ་ཚོ་ཆེད་ཕེབས་ཀྱི་མཚམས་འདྲིར་སྨོན་ལམ་ཐུགས་རྗེ་ཆེ་དང་བཅས་གསུང་རྒྱུར་།གཞིས་བཞུགས་བོད་མི་རྣམས་ཀྱིས་ངའི་སྐྱེས་སྐར་ལ་སེམས་སུ་ཚོར་བ་ཆེན་པོ་ཡོད་ནའང་ཕྱིར་མངོན་མི་ཆོག་པའི་གནས་སྟངས་འོག་ཡོད་པས་།དེ་འདྲའི་གནས་སྟངས་འོག་ད་དུང་དད་པ་དང་དམ་ཚིག་ཡིད་ཆེས་མ་ཉམས་པར་གནས་ཡོད་པས་གཞིས་བཞུགས་བོད་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་བ་ཡིན་ཞེས་གསུངས་ཡོད་། དེ་བཞིན་བཀའ་ཤག་གི་གསུང་བཤད་སྐབས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་གསུང་དོན། ཕ་རོལ་པས་ཆབ་སྲིད་དང་དཔལ་འབྱོར་དང་མི་ཤུགས་བཅས་ཀྱི་ནུས་བ་ཡོད་དགུ་བཏོན་ཏེ་བོད་རིགས་ནང་ཁུལ་དཀྲུགས་རྐྱེན་དང་བཙན་བྱོལ་བོད་མི་དང་གནས་ཡུལ་རྒྱལ་ཁབ་ཡུལ་མིར་བར་དཀྲུགས་རྐྱེན་བཟོ་བ་།ལྷག་པར་དུ་གོང་ས་མཆོག་གི་གསང་གསུམ་མཛད་འཕྲིན་ལ་འགོག་རྐྱེན་བཟོ་ཐབས་བྱེད་པ་སོགས་ངན་གཡོ་སྣ་ཚོགས་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱང་གྲུང་དོད་པོས་གདོང་ལེན་གྱིས་ནང་ཁུལ་གཅིག་སྒྲིལ་དང་།ཡུལ་མི་དང་མཐུན་འབྲེལ་གང་ལའང་འགལ་རྐྱེན་མི་འབྱུང་བའི་ཡིད་གཟབ་རྒྱུན་ཏུ་གནང་དགོས་པའི་རེ་སྐུལ་ནན་མོ་ཞུས་ཡོད། དེ་ལས་མང་། »

    WordPress Themes