མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ ༡༣
ཉེ་ཆར་མདོ་སྨད་ཀྱི་མི་དྲུག་ཅུ་ཙམ་གྱིས་བརྒྱུད་ལམ་འདྲ་མིན་ནས་གྲོས་བསྡུར་བྱས་ཏེ། མཐར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་ད་ལྟའི་སྤྱི་འཐུས་ལས་ཐོགས་པ་དྲུག་དང་། སྤྱི་འཐུས་ཀྱི་འོས་མི་གསར་བ་བདུན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིག་ཏུ་བཏོན་འདུག
ཁོང་ཚོས་བོད་མི་མང་སྤྱི་འཐུས་ཤིག་ཡིན་ན། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ། བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཀྱི་ཁྱད་ཆོས་གསུམ་ངེས་པར་དུ་ཚང་དགོས་ཟེར།
ཉེ་ཆར་དགེ་རྩེ་རིན་པོ་ཆེའི་དབུས་བལ་ཡུལ་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་དང་། སིམ་ལ་ཇོ་ནང་དགོན་པའི་མཁན་པོ་ཀུན་དགའ་རིན་ཆེན་རྣམ་གཉིས་ཀྱིས་དབུས་སིམ་ལར་ཡོད་པའི་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག དེ་བཞིན་དུ་འགུ་ལོག་དམ་ཆོས་དཔལ་བཟང་གཙོས་དྷ་སར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྔ་ལྷག་ཅིག་དང་། ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག ཨ་ཁུ་ཀུན་དགའ་དང་། མཁན་པོ་ངག་དབང་རྡོ་རྗེ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མདོ་སྨད་མི་མང་བཅུ་ཕྲག་དྲུག་ལྷག་ཅིག་གིས་འབྲེལ་ལམ་འདྲ་མིན་ཐོག་ནས་གྲོས་བསྡུར་བྱས་ཏེ་མཐར་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཁག་ཅིག་ངོ་སྤྲོད་གནང་ཡོད་ལ། ཁོང་རྣམས་ཀྱིས་ད་དུང་མདོ་སྨད་མི་མང་གིས་ཁོང་ཚོས་འོས་སྦྱོར་བྱས་པའི་མི་དེ་དག་སྤྱི་འཐུས་སུ་བཞུགས་རྒྱུར་འོས་ཆོས་ཚང་མིན་མི་མང་རང་གིས་བརྟག་དཔྱད་བྱེད་རོགས་ཞེས་སྐུལ་འདུག
ཁོང་ཚོས་ཕྱིར་བསྒྲགས་གནང་བའི་འོས་མི་རྣམས་ལས་ད་ལྟ་བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཁག་ཅིག་ནི། ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བཅས་ཡིན་པ་དང་། ཡང་སྤྱི་འཐུས་ཀྱི་འོས་མི་གསར་བ་རྣམས་ནི། སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་དང་ས་རཱའི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། མདོ་སྨད་དབུས་རྒྱུན་ལས་ཐོགས་པ་གྲྭ་བློ་བཟང་དཔལ་ལྡན། རྩོམ་པ་པོ་མཁན་པོ་འཇུ་བསྟན་སྐྱོང་། དུས་དེབ་དབུ་མའི་ལམ་གྱི་རྩོམ་སྒྲིག་པ་གྲྭ་རྨོག་རུ་བསྟན་པ། འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཟུངས་ཕྱུག་སྐྱིད་བཅས་ཡིན་འདུག དེ་ལས་མང་། »