ཉིན་ནག་གི་གསེབ་ཏུ།
བྱ་དོར་ཕུན་ཚོགས་དབང་ཕྱུག
དུག་སྦྲུལ་ནག་པོའི་ལྕེ་རྩེ་རྒོད་པོར་དུག་གི་ཁ་རླངས་ལྕི་བ་དང༌།།
ཅེ་སྤྱང་ངར་མའི་ངུ་འབོད་གཅིག་གིས་སྲོག་ལྡན་སྙིང་རྩ་འདར་བ་སོགས།།
ངམ་གནག་སྲིད་པའི་འཕྲང་ལམ་དོག་མོར་འཇིགས་པའི་ཀླན་ཀ་མང་མོད་ཀྱང༌།།
གུང་ཁྲན་བདུད་ཀྱི་དམ་སྲི་དམར་པོའི་གདུག་རྩུབ་མི་མཐོང་ཡ་རེ་མཚར།།
ལྟས་ངན་མར་ལེའི་གདོན་འདྲེས་ཁོག་བརླམས་མི་ཁྲག་འཐུང་བར་ཆུ་སྲིན་ཟླ།།
ལོག་བཤད་དམར་པོའི་ལྟ་ངན་རུལ་པོས་མི་ཆོས་རིང་ལུགས་རྨང་ནས་བོར།།
མི་ལྤགས་རློན་པོར་རྒྱལ་རྔ་བརྡུང་བའི་ཀླ་ཀློའི་བྲོ་མཁན་འདི་འོ་ཞེས།།
མི་ལས་འདས་པའི་ལྷ་འདྲེའི་ཚོགས་ཀྱང་འཇིགས་པའི་ཟོལ་གྱིས་ཅ་ཅོ་སྒྲོག།
རིང་ནས་དག་པའི་གངས་ཅན་པ་རྣམས་ཞི་བའི་མལ་དུ་ཡུར་བའི་ཚེ།།
གློ་བུར་དམ་ལོག་གུང་ཁྲན་འདྲེ་དམག་གཅན་གཟན་སྨྱོན་པའི་གར་དུ་བྲེལ།།
ཕོ་བསད་མོ་བརྡུངས་རྒན་བྱིས་བྲན་བཀོལ་དམྱལ་བའི་ཟློས་གར་སྐྱུར་མོ་ཞིག།
ས་ལའི་ལྗོངས་ཀྱི་ཕ་ཁྱིམ་སྣུམ་པོར་ཐལ་ཞག་སྐྱ་མོའི་གཡབ་མོར་ལྷགས།།
ཟླ་སྣང་མེད་པའི་དུས་རབས་ཕྱེད་ཀར་སྡུག་བསྔལ་བྲག་ཆ་མཁའ་ལས་གྲགས།།
ཉི་རླབས་མེད་པའི་ལོ་ངོ་ཞེ་དགུར་སྐྱོ་གདུང་ཟབ་མོ་མཚོ་རུ་སྦྲུམ།།
སྨག་དང་མུན་པའི་བླ་བྲེའི་གབ་ན་དབུགས་ཀྱི་རྔུབ་འཐེན་དཀའ་ནའང༌།།
མི་ལོ་ལྔ་བཅུའི་མཐུད་ མཚམས་དེ་ནས་གངས་སེང་དཀར་མོའི་གད་རྒྱངས་ཐོས།།
ཞི་བའི་གོ་ཆས་རང་ཡུལ་སྲུང་བའི་ལུས་དང་ངག་གི་རྩོལ་བ་ལ།།
བཙན་གནོན་དམག་གིས་ཁ་ལོ་བསྒྱུར་ཏེ་ཁྲག་ཚོན་དམར་པོའི་འཁོར་ལོ་བསྐོར།།
བདེན་དང་ཚད་མའི་ཡིན་ལུགས་བརྗོད་དེ་གནས་ལུགས་རྡོ་ལ་བརྡར་ན་ཡང༌།
གཡོ་དང་ཁྲམ་པའི་འདྲེ་སྐད་སྐྱ་མོས་དཀར་ནག་འབྱེད་པའི་རྒྱ་རྡོ་བརླགས།།
ལྷ་ལྡན་གྲོང་དུ་མི་རོའི་ཕུང་པོས་གོམ་གསུམ་སྤོ་བར་ངལ་ཞིང་དུབ།།
མདོ་ཁམས་གླིང་ན་ཁྲག་གི་རླངས་པས་གསལ་བྱེད་དབང་པོ་རབ་རིབ་གྱུར།།
བོད་འབངས་བསད་པའི་སྐྱོ་གར་དེ་ལ་གླིང་དང་གླིང་ཕྲན་སྐྱེ་བོ་རྣམས།།
སྡུག་བསྔལ་ནད་ཀྱིས་སྐྱོ་དབྱངས་སྒྲོག་པ་དུས་རབས་འདི་ཡི་ཟིན་ཐོར་སོན།།
ཉི་མ་ནག་པོའི་གདགས་སྲིབ་དེ་ན་དྲག་དམག་དཔུང་གི་གཡུལ་ཆེན་བཤམས།།
མཚན་མུན་སྨག་གི་ཀློང་རིམ་ཁྲོད་ན་གྲོང་དང་གྲོང ་མིར་སྒོ་བཤེར་རེམ།།
ཉིན་མཚན་གཉིས་ཀྱི་བསྣོལ་མཚམས་དེ་ན་དཔའ་བོ་དཔའ་མོ་བཙན་ཁྲིད་ཀྱིས།།
ལྐོག་གསོད་བདུད་ཀྱི་གདུག་རྩུབ་དེ་ལ་བྲག་རྡོ་སྐམ་པོས་མིག་ཆུ་བཏང༌།།
ལོ་ཟླའི་འགྲོས་ན་བོད་འབངས་བསད་པ་སྐར་མའི་གྲངས་ལ་འགྲན་པ་དང༌།།
ནམ་ཟླའི་ཀློང་དུ་གངས་ཕྲུག་རྨས་པའི་སེམས་པ་འཁྱག་ལ་སྦྱར་བ་སོགས།།
མི་བཟད་དམར་པོའི་བཙན་གནོན་འོག་ཏུ་བོད་ལ་བྱུང་བའི་ཆགས་སྒོ་འདིར།།
སེམས་དང་བསམ་པའི་དབང་པོ་མེད་པའི་རྩྭ་རྩི་དག་གིས་སྐྱོ་གླུ་ལེན།།
བུད་མེད་སྦྲུམ་མའི་ཁོག་པ་གཤགས་ནས་རྒྱུ་མ་ཚ་པོ་ལག་མགོར་དཀྲིས།།
བྱིས་པ་དམར་འབྱར་མཚོན་རྩེར་འཕྱར་ནས་རྔམ་པའི་སོ་སྒྲ་ཤིག་ཤིག་བརྡར།།
རྒས་འཁོགས་རྒས་མོར་རྡོག་ཐོ་གཞུ་བའི་གུང་ཁྲན་དམག་གི་རྩུབ་སྤྱོད་ལ།།
ཁྱི་ཕག་དག་ཀྱང་འདྲོགས་འགོ་ལངས་ནས་མི་མེད་ནགས་ཀྱི་དབྱིངས་སུ་ཡན། །
གནའ་བོའི་ཕོ་བྲང་བདག་མེད་གྱུར་ཏེ་རྡོ་མཁར་ཁེར་བུའི་གཟུགས་བརྙན་ཙམ།།
བར་སྐོར་ལམ་མདོ་ཁྲག་གིས་བརྫིས་པར་དུས་རབས་གསར་པའི་དུར་ཁྲོད་གཅིག།
ཇོ་ཁང་མདུན་ན་དྭ་ཕྲུག་ཁྱུ་ཞིག་ཨ་མའི་ཕུང་པོར་འཐམ་པའི་དུས།།
སྐྱིད་ཆུའི་མཁའ་ཡི་འདབ་ཆགས་ཚོགས་ཀྱང་གདུང་བའི་ཤུགས་གླུ་ཡང་ཡང་གྱེར།།
སེ་འབྲས་དགའ་གསུམ་སྒོ་ཐེལ་བརྒྱབས་ནས་དགེ་འདུན་སྡེ་པ་ལྟོགས་བཀག་བཏང༌། །
བླ་བྲང་ཀིརྟི་ལི་ཐང་བཅས་པར་དྲག་དམག་དཔུང་གིས་འོག་གྲབས་སྒྲིག།
བསམ་ཡས་གླིང་དུ་མེ་མཚོན་འཕངས་ནས་བོད་མིའི་སྐེ་མགོ་བཅད་པ་རྣམས།།
རྒྱ་དམར་ཀླ་ཀློས་བོད་དུ་བཞག་པའི་ཝ་སྐྱེས་རྒན་མོའི་རྗེས་ཤུལ་ལགས།།
མདོར་ན་པེ་ཅིང་གཤིན་རྗེའི་ཚང་གི་ཁྱི་ལས་ལོད་པའི་ལས་མཁན་ཚོས།།
ཉམ་ཆུང་བོད་མིའི་ཁྲག་དང་ཆུ་སེར་བཏུང་བའི་བརླན་གཟུགས་མངོན་གྱུར་ན།།
ཡར་ཀླུང་གཙང ་པོ་བརྒྱ་ལ་སྤྲུལ་ཡང་དོ་བའི་སྐལ་བ་མེད་དོ་ཞེས།།
སྨྲ་སྒོ་མེད་པའི་ལྗོན་ཤིང་དག་གིས་གཡབ་པའི་འགྲོས་ཀྱི་གསལ་འདེབས་བྱེད།།