བོད་ཀྱི་སྐུ་ཚབ་ཕྱིར་འབྱོར་བ་དང་པེ་ཅིན་གྱིས་བོད་ཀྱི་རང་སྐྱོང་ངོས་ལེན་བྱེད་ཀྱིན་མེད།
དེ་རིང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་ནས་ཕྱིར་རྒྱ་གར་རྒྱལ་ས་ལྡེ་ལས་ལ་འབྱོར་ཡོད་པ་དང་།རྒྱ་ནག་ཕྱོགས་ནས་ཡང་བསྐྱར་བོད་ཀྱི་རང་སྐྱོང་ཡོང་ཐབས་ཀྱི་གྲོས་གཞིར་ངོས་ལེན་བྱས་མེད་པ་རེད་།
༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་ཟླ་བ་དང་པོའི་ཚེས་༣༡ཉིན་རྒྱ་ནག་ཕྱོགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་ཉིན་གཉིས་རིང་གི་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བ་མཇུག་སྒྲིལ་ཏེ་།ཚེས་ ༡ ཉིན་པེ་ཅིན་ནས་ལྡི་ལིར་འབྱོར་ཡོད་པ་དང་། ཚེས་ ༡ གི་ཉིན་གུང་ལྡི་ལི་ནས་ངྷ་རམ་ས་ལར་ཕེབས་རྒྱུ་ཡིན་པ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཕེས་གསར་སྤེལ་ཁང་ལ་གསུང་ཡོད་པ་དང་།དེ་བཞིན་ཁོང་རྣམ་པ་ཕྱིར་བཞུགས་སྒར་དུ་འབྱོར་རྗེས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་དང་དེ་ནས་༧གོང་ས་མཆོག་ལ་ལ་གནས་ཚུལ་ཅི་བྱུང་སྙན་སེང་ཞུ་རྒྱུ་ཡིན་པ་དང་དེའི་རྗེས་ཏེ་ཚེས་༢ཙམ་ལ་གསར་འགོད་པ་ལྷན་ཚོགས་བསྡུ་རྒྱུ་དང་།དེ་བཞིན་རྒྱ་ནག་ཕྱོགས་ནས་ཀྱང་ཚེས་༢ཉིན་གསར་འགོད་ལྷན་ཚོགས་བསྡུ་རྒྱུན་ཡིན་སྐོར་གསར་འགྱུར་ནང་བརྗོད་འདུགཡིན་ནའང་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་ཕྱིར་རྒྱ་གར་ནང་སླེབས་མ་ཐག་།རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཚིག་སྦྱོར་བཙན་པོའི་གསལ་བསྒྲགས་སྤེལ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་སྙིང་དོན་ཞེས་པ་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་བྱས་ཡོད་ཚུལ་དང་།དེ་དག་རྩ་བ་ནས་དོར་བ་ཡིན་ན་ད་གཟོད་འབྲེལ་མོལ་ལ་གཞི་རྩ་ཡོད་ཚུལ་དང་ཏྭ་ལའི་བླ་མ་སྐུ་སྒེར་གྱི་མདུན་ལམ་ལ་ཕན་ཐོགས་ཡོད་ཚུལ་སོགས་ཀྱི་གསར་འགྱུར་དེ་རིང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་དྲ་གནས་དང་བོད་ལྗོངས་ཆ་འཕྲིན་དྲ་གནས་སོགས་སུ་གནས་ཚུལ་བཀོད་ཡོད་ལ་།དེ་བཞིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་སྤེལ་ཁང་གིས་ཀྱང་དེ་རིང་གི་གསར་འགྱུར་ནང་རྒྱ་ནག་གི་སྲིད་གྲོས་ཚོགས་གཙོ་གཞོན་པ་དང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་ཏུའུ་ཆིན་ལེན་གྱིས་ཉེ་ཆར་པེ་ཅིན་དུ་ཏྭ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཚོགས་པ་དང་ཐུགས་འཕྲད་བྱས་ཡོད་ཚུལ་བཀོད་ནས་།ཏུའུ་ཆིན་ལེན་གྱིས་ཏྭ་ལའི་བླ་མའི་སྐུ་ཚབ་ལ་དབུས་གཞུང་གི་ཐེངས་ལྔ་བའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་དང་འབྲེལ་།ཐེངས་དེའི་ཚོགས་འདུ་ལས་དབུས་གཞུང་གིས་བོད་ཀྱི་དཔལ་འབྱོར་ཡར་རྒྱས་ལ་གཙིགས་ཆེན་བྱེད་བཞིན་པ་དང་།བོད་ལྗོངས་རིགས་སོ་སོའི་མི་དམངས་ལ་སེམས་ཁུར་བྱེད་བཞིན་པ་མཚོན་ཡོད་ལ་།འཛམ་གླིང་ཐོག་རྒྱ་ནག་གུང་ཁྲན་ཏང་ནང་བཞིན་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་མི་རིགས་ས་ཁུལ་གཅིག་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་མཁན་ཡོད་པ་མ་རེད་ཟེར་།དེས་བོད་ལྗོངས་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་བསམ་བློ་གཏོང་གི་ཡོད་ཚུལ་དང་།བོད་ལྗོངས་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་མཁན་ནི་རྒྱ་ནག་གུང་ཁྲན་ཏང་དང་དབུས་གཞུང་།བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་རེད་ཟེར་།དེ་བཞིན་ཡང་ཏུའུ་ཆིན་ལེན་གྱིས་ཁོས་སྐུ་ཚབ་ཚོགས་པར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་དང་འབྲེལ་བའི་གནད་དོན་ཐད་སྐད་ཆ་གང་ཡང་བཤད་ས་མེད་པ་གསལ་བཤད་བྱས་ཡོད་ལ་།བོད་ཆེན་པོ་ཟེར་བ་དང་ཆེས་མཐོའི་རང་སྐྱོང་ཟེར་བ་སོགས་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་འགལ་བྱས་པ་ཡིན་པས་།དེ་དག་རྩ་ནས་དོར་ན་ད་གཟོད་འབྲེལ་མོལ་ལ་གཞི་རྩ་ཡོད་པ་དང་།ཏྭ་ལའི་བླ་མ་སྐུ་སྒེར་གྱི་མདུན་ལམ་ལ་ཕན་ཐོགས་ཡོད་ཚུལ་བརྗོད་ཡོད་ཟེར།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཐོག་ཡང་ནས་བསྐྱར་དུ་བོད་རང་བཙན་བརྩོན་ལེན་གནང་གི་མེད་པ་གསུང་ཡོད་ནའང་།ཏུའུ་ཆིན་ལེན་གྱིས་སྔར་བཞིན་གལ་སྲིད་ཏྭ་ལའི་བླ་མས་མུ་མཐུད་དུ་རྒྱལ་སྤྱིའི་ཐོག་རྒྱ་ནག་དང་ཁ་བྲལ་གྱི་ལས་འགུལ་སྤེལ་ན་།གཞི་རྩའི་ལྷག་བསམ་མེད་ཚུལ་དང་བརྩི་བཀུར་མ་བྱས་པ་ཡིན་ཚུལ་དང་འབྲེལ་མོལ་ཐད་ཡར་རྒྱས་གང་ཡང་འགྲོ་ཐུབ་ཀྱི་མ་རེད་ཟེར་།ཡང་ཏུའུ་ཆིན་ལེན་གྱིས་མུ་མཐུད་དུ་རྒྱ་ནག་དབུས་གཞུང་གིས་ཏྭ་ལའི་བླ་མའི་ཐོག་འཛིན་སྲིད་ཇུས་ལ་འགྱུར་བ་མེད་པ་དང་གསལ་པོ་ཡིན་ལ་།འབྲེལ་མོལ་གྱི་སྒོ་ཆེན་ནམ་ཡང་ཕྱེས་ཡོད་ཚུལ་དང་།གོང་ས་མཆོག་གིས་དོན་དངོས་ཐོག་དབུས་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ན་།སྟོང་སེམས་དོར་ནས་དངོས་ཡོད་གནས་སྟངས་གསལ་པོ་ཤེས་རྟོགས་བྱེད་ཐུབ་དགོས་པ་སོགས་རྒྱ་ནག་གཞུང་གི་ནམ་རྒྱུན་གྱི་ལངས་ཕྱོགས་བསྐྱར་བཟློས་བྱས་འདུག
དེ་མིན་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པས་པེ་ཅིན་དུ་འབྲེལ་མ་གནང་སྔོན་ལ་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནང་གཟིགས་སྐོར་ལ་ཁྲིད་ཡོད་འདུག
By ཆོས་འཕེལ་དར་རྒྱས།, སྤྱི་ཟླ་གཉིས་པ། 1, 2010 @ 3:28 pm
བོད་ཀྱི་རི་རྩེ་ནས་རིལ་བའི་ཁ་ཐོ་དང་སྤང་ཐོ།།
བདག་ཅག་གི་མི་རིགས་འདི་ཐོག་མར་རང་ས་ཤོར་ནས་འབྲིག་ཡུལ། བལ་ཡུལ་དང་རྒྱ་གར། ཡུན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་སྐྱབས་བཅོལ་དུ་ཡོང་ནས་གཞི་ཆགས་ཐུབ་པ་མ་ཟད་ལྷག་པར་བོད་པའི་སྐྱབས་བཅོལ་སྒྲིགས་འཛུགས་འདི་འཛམ་གླིང་ནང་སྐྱབས་བཅོལ་ལ་ཡོད་པའི་མི་རིགས་གཞན་པ་ལས་མངོན་པར་ཐོན་པ་ནི་འདས་བའི་ལོ་ལྔ་བཅུའི་ནང་ལས་ལ་བརྩོན་པ། ཕུགས་སམས་ཅན་གྱི་བོད་མི་མང་བོ་ཞིག་གིས་གཅིག་རྗེས་གཉིས་མཐུད་བྱས་ནས་དཀའ་ལས་བརྒྱབ་པའི་ལས་འབྲས་ཡིན་པ་འདི་འབྲོག་ཕྲུག་ཞིག་གིས་དགུན་དུས་ཁ་བ་འབབ་པའི་ཉིན་མོ་ཞིག་ལ་ཁ་བ་ལག་འཁྱོར་ཀང་དམ་པོར་བདམས་ནས་རང་ཁྱིམ་གྱི་སྒོ་རར་ནས་བཟུང་ཁྱིམ་མཚས་ཀྱི་རྩ་ས། འབྲོག་པའི་རྩ་ཐང་དང་རོང་བའི་ཞིང་ཁའི་ཐོག་ས་ལ་རིལ་ནས་ཁ་བའི་རིལ་བུ་ཆེན་པོ༼ཁ་ཐོ་༽ཞིག་ཆགས་པ་དང་། མཐར་མཐོ་སྒང་གི་རི་རྩེ་ནས་ཁ་ཐོ་དེ་མར་དབྱུག་དུས་ཁ་ཐོ་དེ་ཇེ་ཆེ་དང་ཇེ་དམ་ལ་སོང་བ་ལྟ་བུ་ཡིན།།
འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། ང་ཚོའི་ཐོག་མའི་རེ་བཞག་བོད་རང་བཙན་གྱི་རྒྱལ་ཁབ་སླར་འཛུག་བྱེད་རྒྱུ་དེ་དེང་སྐབས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་བོད་ཁམས་རང་སྐྱོང་ལྗོང་ཆེན་པོ་ཞིག་ཡོང་ཐབ་ལ་རྩོད་ལེན་བྱེད་བཞིན་པ་འདི་ནི་གོང་དུ་བརྗོད་པའི་འབྲོག་ཕྲུག་དེས་དབྱར་དུས་མཐོ་སྒང་གི་རི་རྩེ་སྐམ་པོ་ཞིག་ནས་སྤང་ཐོ་ཞིག་མར་གཤོང་ལ་རིལ་དུས་སྤང་ཐོ་དེ་ཇེ་ཆུང་ལ་འགྲོ་བ་ལྟར་ཡིན་པ་སྙམ།།
By བསྟན་འཛིན/, སྤྱི་ཟླ་གཉིས་པ། 1, 2010 @ 4:51 pm
འདིའི་ཐོག་ལ་མཆན་འཇོག་ཐུབ་ཀྱི་མིན་འདུག
By kalsang, སྤྱི་ཟླ་གཉིས་པ། 1, 2010 @ 8:55 pm
ཁྱོད་ཀྱིས་སྤེལ་བའི་གནས་ཚུལ་དང་རྩོམ་ཡིག་ལ་སྙིང་ཐག་ནས་དགའ་བསུ་ཡོད་མུ་འཐུད་ནས་ཡོང་བར་རེ་བསྐུལ་ཞུ། ཉེ་ཆར་བོད་ནང་གི་རྩོམ་པ་པོ་ཞོག་དུང་ལགས་ཀྱིས་བྲིས་པའི་གནས་ས་གོ་འབྱེད་ཞེས་པ་དང་འོད་ཟེར་ལགས་ཀྱིས་བྲིས་པའི་སེང་གེའི་ངར་སྒྲ་སོགས་ཀྱི་སྐོར་ཁྱེད་ལ་ཤེས་གསལ་ཨེ་ཡོད། དེབ་དེ་དག་གང་ནས་རག་ཐུབ་་གི་ཁྱེད་ལ་ཐབས་ཤེས་འདྲ་ཨེ་ཡོད
By གཡུ་ཞུན, སྤྱི་ཟླ་གཉིས་པ། 2, 2010 @ 8:32 pm
སྐལ་བཟང་ལགས།
དགོངས་དག་ཁྱེད་ཀྱིས་གསུང་པའི་དེབ་དེ་གཉིས་སྐོར་གོ་ཐོས་གང་ཡང་མེད་།འོད་ཟེར་གྱི་དེབ་ཕལ་ཆེར་ཁོང་གི་དྲ་ཚིགས་བརྒྱུད་ནས་འབྲེལ་བ་བྱོས་དང་རེག་ཐུབ་ཀྱང་སྲིད་།
By སྐོར་ལམ་ནང་གི་སྐད་ཆ།, སྤྱི་ཟླ་གཉིས་པ། 4, 2010 @ 11:57 am
ད་ཐེང་གི་གྲོས་མོལ་། http://khorlam.wordpress.com/