ཨ་རིའི་ཕྱོགས་ནས་་སྲིད་འཛིན་དང་གོང་ས་མཆོག་གི་མཇལ་འཕྲད་ལ་འགྱུར་བ་མེད་ཟེར།
རྒྱ་ནག་ཕྱོགས་ཀྱིས་ཉེན་བརྡ་བཏང་མིན་ལ་མ་བལྟོས་པར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཚེས་༢ཉིན་བརྗོད་དོན།སྲིད་འཛིན་ཨོ་བྷ་མ་དང་བོད་ཀྱི་དབུ་ཁྲིད་༧གོང་ས་ཏྭ་ལའི་བླ་མ་གཉིས་རྣམ་གཉིས་མཇལ་འཕྲད་གནང་འཆར་ཡོད་པར་འགྱུར་བ་གང་ཡང་མེད་ཅེས་དང་།ཡང་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་སྲིད་འཛིན་ཨོ་བྷ་མ་ཡིས་ན་ནིང་རྒྱ་ནག་ནང་གཟིགས་སྐོར་དུས་སུ་རྒྱ་ནག་གི་མགོ་ཁྲིད་ཚོར་ཁོང་དང་༧གོང་ས་ཏྭ་ལའི་བླ་མ་གཉིས་མཇལ་འཕྲད་གནང་རྩིས་ཡོད་པའི་སྐོར་གསུང་བ་བཞིན་ཁོང་གིས་དེ་ལྟར་སྒྲུབ་ངེས་ཡིན།༧གོང་ས་ཏྭ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་གུས་བརྩི་ཐོབ་པའི་ཆོས་དང་རིག་གཞུང་ཐད་ཀྱི་དབུ་ཁྲིད་ཅིག་ཡིན་པས་ཆ་ནས་སྲིད་འཛིན་གྱིས་མཇལ་འཕྲད་གནང་འཆར་ཡོད་པ་རེད་ཟེར་།
སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཉིས་མཇལ་འཕྲད་ཀྱི་དུས་ཚོད་ད་དུང་གསལ་བསྒྲགས་གནང་མེད་ཀྱང་།ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཟླ་བ་འདིའི་མཇུག་ཙམ་ལ་༧གོང་ས་མཆོག་གིས་ཨ་རིའི་ནང་གཟིགས་སྐོར་དུས་ཁོང་རྣམ་གཉིས་མཇལ་འཕྲད་གནང་འཆར་ཡོད་པ་ཟླ་བ་སྔོན་མར་གསུངས་འདུག
དེ་བཞིན་ རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཚེས་༢ཉིན་རྒྱ་ནག་རྒྱལ་སྲིད་ལྷན་ཁང་གི་གསར་འགྱུར་ལྷན་ཚོགས་ཐོག་ཉེ་ཆར་པེ་ཅིན་དང་༧གོང་ས་མཆོག་གི་སྐུ་ཚབ་བར་གྱི་འབྲེལ་མོལ་ཐད་ངོ་སྤྲོད་དུས་སུ་།རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་་ཏྭ་ལའི་བླ་མ་དང་མཇལ་འཕྲད་མ་གནང་ཞེས་ཉེན་བརྡ་བརྒྱབ་ནས་།འདི་ལྟ་བུའི་མཇལ་འཕྲད་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་གཏོར་བརླག་ཐེབས་རྒྱུ་དང་།ལྷག་པར་དུ་མིག་སྔར་ཨ་རིའི་དཔལ་འབྱོར་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐད་ཕན་ཐོགས་གང་ཡང་མེད་ཚུལ་བརྗོད་འདུག དེ་བཞིན་ཀྲུའུ་ཝེ་ཆོན་གྱིས་པེ་ཅིན་དང་ཏྭ་ལའི་བླ་མའི་བར་འགལ་ཟླ་ཆེན་པོ་ལྷག་ཡོད་ཅིང་།ཏྭ་ལའི་བླ་མ་དང་འབྲེལ་ལམ་ལེགས་བཅོས་བྱེད་པ་དེ་རྒྱ་ནག་ནང་ཁུལ་གྱི་ལས་དོན་ཞིག་ཡིན་པ་ལས་གཞན་ལ་ཐེ་གཏོགས་ཀྱི་དབང་ཚད་མེད་ཚུལ་བརྗོད་འདུག ཡང་ཀྲུུའུ་ཝེ་ཆོན་གྱིས་ཐེངས་འདིའི་འབྲེལ་མོལ་ནི་ཏྭ་ལའི་བླ་མས་ཕྱོགས་ནས་བླང་བྱ་བཏོན་པ་ཡིན་པས་།པེ་ཅིན་གྱིས་ནམ་ཡང་འབྲེལ་མོལ་གྱི་སྒོ་རྒྱག་མི་སྲིད་ཚུལ་དང་།ཡང་ཁོས་མུ་མཐུད་དུ་ཏྭ་ལའི་བླ་མས་རང་ཉིད་རྒྱ་གར་གྱི་བུ་ཕྲུག་ཡིན་ཚུལ་བརྗོད་པ་དེ་ནི་གནད་དོན་ཆུང་ཆུང་ཞིག མ་ཡིན་པས་དེར་ལན་འདེབས་གསལ་པོ་བྱེད་དགོས་ཚུལ་སོགས་བརྗོད་འདུག དེ་བཞིན་ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཀྲུའུ་ཝེ་ཆོན་གྱིས་མགོ་ནས་མཇུག་བར་ཏྭ་ལའི་བླ་མ་ཞེས་པའི་ཚིག་བེད་སྤྱོད་བྱས་པ་ལས་།ནམ་རྒྱུན་ལྟར་རྒྱ་ནག་གཞུང་གིས་ཏྭ་ལེ་ཞེས་བརྗོད་པ་དེར་འགྱུར་བ་བཏང་འདུག ཡང་ཀྲུའུ་ཝེ་ཆོན་གྱིས་སྤྱི་ལོ་༢༠༠༢ལོ་ནས་བཟུང་འབྲེལ་མོལ་ལ་ཡར་རྒྱས་ཅི་ཡང་མེད་ཚུལ་དང་།གོང་ས་མཆོག་གི་སྐུ་ཚབ་ཕྱོགས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྙིང་དོན་ཞེས་པ་དེ་རྒྱ་ནག་གི་རྩ་ཁྲིམས་དང་འོས་འཚམ་ཡིན་ཚུལ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཀྱང་།དེ་ནི་བཙན་བྱོལ་བོད་གཞུང་གིས་རང་བཙན་བསྙེགས་པའི་དམིགས་གཞི་ཡིན་ཚུལ་བརྗོད་འདུག
ཟླ་བ་སྔོན་པའི་ནང་བསྐོང་འཚོགས་གནང་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་བོད་ཁུལ་གྱི་དཔལ་འབྱོར་ཡང་རྒྱས་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུའི་གནད་དོན་ཐད་སྲོལ་རྒྱུན་གྱི་བོད་རང་སྐྱོང་ལྗོངས་ཁོ་ན་ལས་བརྒལ་ཏེ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡོན་ནན་སོགས་ཞིང་ཆེན་ཁག་ཏུ་གནས་སྡོད་བོད་རིགས་ཀྱི་ས་ཁུལ་ཁག་ཀྱང་གླེང་ཡོད་པས། དེ་ནི་༧་གོང་ས་མཆོག་གི་བོད་རིགས་ཡོངས་ཀྱི་ཞེས་པའི་ཐུགས་དགོངས་དང་གཅིག་མཚུངས་ཡིན་པས། གནད་དོན་དབྱེ་ཞིབ་མཁན་ཚོས་དེ་ནི་རྒྱ་ནག་གཞུང་གི་བོད་ཐད་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་པར་ངོས་འཛིན་བྱེད་ཀྱིན་ཡོད།