རྒྱ་ནག་གིས་ཨོ་བྷ་མས་ནོར་འཁྲུལ་གྱི་ལངས་ཕྱོགས་འཛིན་གྱི་ཡོད་ཚུལ་སྐྱོན་བརྗོད་བྱས་འདུག

ཚེས་༣ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་དང་ཚོགས་འདུ་འཚོགས་སྐབས་།དཔལ་འབྱོར་ཚོང་དོན་ཕྱོགས་ནས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་སྟེ་།རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་ནང་ཨ་རིའི་ཚོང་ར་སྒོ་འབྱེད་ཐད་སྐུལ་འདེད་བྱེད་རྒྱུའི་རྣམ་འགྱུར་བསྟན་ཡོད་པ་དང་།དེ་བཞིན་ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཞན་གྱིས་འདྲ་མཉམ་མ་ཡིན་པའི་དངུལ་གྱི་འཛའ་ཐང་དམའ་མོར་བརྟེན་ནས་ཉོ་ཚོང་གནས་བབ་ལེགས་པོ་འཛིན་པ་དེ་འགོག་ཐབས་བྱེད་རྒྱུ་ཡིན་ཟེར་།ཡིན་ནའང་ཁོང་གིས་ཐད་ཀར་རྒྱ་ནག་གི་མིང་བཏོན་མེད་པ་རེད་།འོན་ཀྱང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མ་ཀྲོ་ཞུས་ནས་རྒྱ་ནག་ཤོག་སྒོར་གྱི་འཛའ་ཐང་ཆུ་ཚད་དེ་ལུགས་མཐུན་ཡིན་ཚུལ་དང་།དེར་བརྟེན་ནས་རྒྱ་ནག་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་བར་ཧེ་བག་བར་ཆད་འགྲོ་བར་ངོས་ལེན་བྱས་མེད་ལ།དེ་བཞིན་སྲིད་འཛིན་ཨོ་བྷ་མའི་གོང་བརྗོད་སྐད་ཆ་དེ་དག་ནོར་འཕྲུལ་ཡིན་ཚུལ་སྐྱོན་བརྗོད་བྱས་ནས་དེས་ཡུལ་གཉིས་བར་གྱི་འགལ་ཟླ་གང་ཡང་སེལ་མི་ཐུབ་ཚུལ་བརྗོད་འདུག གང་ལྟར་ཨོ་བྷ་མ་སྲིད་འཛིན་ལ་བསྡད་ནས་ལོ་གཅིག་རིང་ཨ་རི་དང་རྒྱ་ནག་བར་ཐེངས་ཁ་ཤས་ལ་དཔལ་འབྱོར་ཚོང་དོན་ཐད་རྙོག་དྲ་བྱུང་ཡོད་པ་མ་ཟད་།ཉེ་སྔོན་ཨ་རིའི་གྷོ་གྷལ་ཚོང་ལས་ཁང་གི་དྲ་གནས་ལ་རྒྱ་ནག་ནང་ཁུལ་ནས་འཇམ་རྒོལ་དང་།ཨ་རིས་ཐེ་ཝན་ལ་དམག་དོན་མཚོན་ཆ་འབོར་ཆེན་བཙོང་བ། མི་འགྱངས་བར་སྲིད་འཛིན་ཨ་བྷ་མ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཉིས་མཇལ་འཕྲད་གནང་རྩིས་ཡོད་པ་སོགས་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་གི་ཡོད་ཚུལ་དང་།རྒྱ་ནག་ཕྱོགས་ནས་སྲིད་འཛིན་ཨ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཡིན་ན།ཡུལ་གཉིས་ཀྱི་འབྲེལ་ལམ་དེ་ལས་སྡུག་ཏུ་འགྲོ་རྒྱུའི་ཉེན་བརྡ་རྒྱབ་ཡོད་ཀྱང་།ཨརིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་༧གོང་ས་མཆོག་དང་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་འཆར་ལ་འགྱུར་བ་གང་ཡང་མེད་ཟེར།ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་ཟླ་བ་འདིར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་ཆིབས་བསྒྱུར་དུས་སུ་མཇལ་འཕྲད་གནང་རྒྱུར་ཚང་མས་ཚོད་དཔག་བྱེད་བཞིན་ཡོད་།

1 མཆན་བུ་།

  • By གཞིས་ལུས་བོད་པ།, སྤྱི་ཟླ་གཉིས་པ། 4, 2010 @ 7:31 pm

    །ཧ་ཧ། དགའ་བསུ་ཞུ། ད་ཆ་དྲ་ཐོག་ཏུ་ཐོན་ཐལ།

Other Links to this Post

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes