ཨང་རྩིས།

༡༩༧༩ ལོར་ཏིན་གྱིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་ཅེས་པ་ནས་བརྩིས་ན། ད་བར་དུ་ མི་ལོ་ ༣༢ སོང་ཟིན། ༡༩༨༧ ལོའི་ཨ་རིའི་གྲོས་ཚོགས་ཀྱི་༧གོང་ས་མཆོག་གི་གསུང་བཤད་དང༌། ༡༩༨༨ ལོའི་སི་ཊ་སི་སྦག་གི་གསུང་བཤད་གཉིས་ནས་བརྩིས་ན་ མི་ལོ་ ༢༣ ཙམ་སོང་ཟིན། ༢༠༠༢ ལོ་ནས་ད་ལྟའི་འབྲེལ་མོལ་ཟེར་བ་འདི་མགོ་བཙུགས་ནས་ད་བར་དུ་མི་ལོ་ ༨ ཙམ་འགྲོ་བཞིན་ཡོད། དུས་ཚོད་འདི་ནི་བྱིས་པ་ཞིག་སྐྱེས་ནས་སློབ་གྲྭ་ཆེན་མོ་ཐོན་པ་དང་། དེ་ནས་གཉེན་སྒྲིག་ཅིང་། བྱིས་པ་ཡང་གཉིས་གསུམ་གྱི་ཡབ་ཡུམ་ཆགས་པའི་དུས་ཡུན་ཞིག་རེད། དུས་ཚོད་འདིའི་ནང་རྒྱ་ནག་གི་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། ཞི་མོལ་གྱི་ལས་རིམ་མགོ་བཙུགས་རྗེས་སུ་སྐྱེས་པའི་བོད་པའི་བྱིས་པ་ནར་སོན་ཏེ་བོད་རང་བཙན་རྩོད་བཞིན་འདུག་ལ། ཁ་ཤས་བཙོན་དུ་ཚུད་ཅིང་ཁ་ཤས་ཀྱི་སྐུ་སྲོག་ཤོར་ཡོད་པ་རེད། ང་ཚོ་ནི་ འགྱུར་བ་མེད། ང་ཚོ་ནི་རྟག་པ་ཡིན། གཞུང་གཅིག གཞུང་གི་དཔོན་པོ་གཅིག སྐུ་ཚབ་གཅིག ལས་ཀ་གཅིག གྲུབ་འབྲས་གཅིག ད་གལ་ཆེ་ཤོས་དེ་སང་ཉིན་རེད། སང་ལོ་རེད། མ་འོངས་པའི་ལོ་ བཞིའི་ནང་ལ་འགྱུར་བ་ཡོད་དམ། ལོ་བཅུའི་ནང་ལ་འགྱུར་བ་ཡོད་དམ། ལོ་ཉི་ཤུའི་ནང་འགྱུར་བ་ཡོད་དམ།
རྒྱ་རི་རིན་པོ་ཆེས་ ༡༩༨༨ ཙམ་ནས་བཀའ་བློན་གྱི་ལས་འཁུར་ཞུས། དེ་ནས་ ༡༩༩༠ ནང་ནས་ད་བར་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས། ཧ་ལམ་མི་ལོ་ཉི་ཤུ་རྩ་གཅིག་ཙམ་གྱི་རིང་ལས་འགན་ཆེན་པོ་འདིའི་ཐུགས་འཁུར་བཞེས་པ་རེད། དུས་ཚོད་འདིའི་རིང་། ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་གཙོ་ཐེངས་གཉིས་དང་བཀའ་བློན་ཁྲི་པ་ཐེངས་གཉིས་བཅས་གནང་བ་རེད། ཟམ་གདོང་རིན་པོ་ཆེ་སྐུ་གཞོན་ཤ་ཅན་ནས་བགྲེས་པོའི་ཉམས་བཞེས་འདུག་ཅིང་། ཁ་སང་ཕྱག་ལ་ཕྱག་འཁར་ཞིག་བཞེས་ནས་ཕེབས་པ་མཐོང་བྱུང་བས་སེམས་སྐྱོ་བ་ཞིག་འདུག ད་དུང་དུས་ཡུན་དེའི་རིང་ཨ་རི་ལ་མཚོན་ན་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དབུ་སྐྲ་ནག་པོ་ནས་དབུ་སྐྲ་དཀར་པོའི་བར་སླེབས་པ་རེད། ཞབས་སྟེགས་གཅིག་རང་གི་ཐོག་བཞུགས་པ་རེད། ད་ལོ་རྒྱ་རི་རིན་པོ་ཆེ་ དགུང་ལོ་ ༦༢ ཙམ་ལ་ཕེབས་ཡོད་པ་རེད། མ་འོངས་པའི་ལོ་ལྔ་བསྣན་ན་ དགུང་ལོ་ ༦༧ ལ་སླེབས་གི་རེད།
རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཙོ་བོ་ཞིག་ནི་ ཨ་རིའི་གྲོས་ཚོགས་དང་གཞུང་ལ་སྐུལ་སློང་གིས་བོད་དོན་རྒྱབ་སྐྱོར་ཞུ་སྐུལ་བྱས་པ་དེ་རེད། ཁོང་གི་འཇོན་ཐང་ནི་ཧ་ལམ་མགར་སྟོང་བཙན་གྱི་ཚད་ལ་སླེབས་ཡོད་སྐད་འདུག འོན་ཀྱང་ང་ཚོ་ལ་ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ཞིག་ནིའུ་ཡོག་ལ་ཡོད་ཡོད་རེད། གལ་སྲིད་༧དམིགས་བསལ་སྐུ་ཚབ་ལས་ཁུངས་དང་བོད་གཞུང་སྐུ་ཚབ་དོན་གཅོད་གཉིས་གཅིག་ལྕོགས་གནང་ཐུབ་ཚེ། བོད་གཞུང་ལ་ཨ་སྒོར་འབུམ་ཁ་ཤས་བསྲི་ཚགས་བྱེད་ཐུབ་པ་ཡོད་པ་རེད། རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ་དེ་རེད། ལས་འགུལ་ཁང་འདིའི་ ༢༠༠༨ ལོའི་ཡོང་འབབ་སྒོར་མོ་ནི་ $5,345,726 རེད། དེ་ནི་བཙན་བྱོལ་བོད་གཞུང་གི་ད་ལྟའི་ལོ་འཁོར་སྔོན་རྩིས་ཧིན་སྒོར་ ས་ཡ་དགུ་བརྒྱ་སོ་བཞི་ལྷག་ཡིན་པའི་(934,000,000)དབང་དུ་བཏང་ན། དེའི་བརྒྱ་ཆ་ ༢༠ ཙམ་ཟིན་ཡོད་པ་རེད།
ད་བོད་མི་རིགས་ཞེས་པའི་སྐད་ཆ་ཆེན་པོའི་ཐོག་ནས་བརྩིས་ན། ༡༩༧༩ ལོའི་རྗེས་ནས་བོད་ནང་དུ་སྲིད་བྱུས་གུ་ཡངས་བཏང་ཡོད་པ་དང་། དེ་ནས་རིམ་གྱིས་བོད་ནས་གསར་འབྱོར་བ་མང་ཙམ་འབྱོར་ཡོད་པ་རེད། ལོ་རེར་ཆ་སྙོམ་གྱིས་ ༡༠༠༠ རེ་འབྱོར་ཡོད་པའི་དབང་དུ་བཏང་ན། ད་ལྟའི་ཆར་སྲིད་བྱུས་གུ་ཡངས་ཀྱི་རྗེས་ནས་འབྱོར་བའི་གསར་འབྱོར་གྱི་མི་འབོར་དེ་ཁྲི་གསུམ་བརྒལ་གི་ཡོད་པ་རེད། བྱང་ཨ་མི་རི་ཀ་ལ་མཚོན་ ༡༩༩༠ སྔོན་ལ་བོད་མི་ ༥༠༠ ཙམ་ཡོད་པ་ནས་ད་ལྟའི་ཆར་བོད་མི་ ཁྲི་གཉིས་ཙམ་གྱི་ཚོད་རྩིས་བྱེད་དགོས་པ་ཞིག་ཏུ་འཕེལ་ཡོད་པ་རེད། བོད་རིགས་ཚོགས་པ་ཡང་མང་དུ་ཕྱིན་ཡོད་པ་རེད། ད་མ་འོངས་པ་ལ་བསམ་བློ་བཏང་ན། མ་འོངས་པ་ལ་བསམ་བློ་གཏོང་ཐུབ་གི་མི་འདུག བོད་མི་ཁྲི་སྐོར་རེ་༧རྒྱལ་བའི་ཞལ་ལ་གཅེར་ནས་ཧི་མ་ལ་ཡ་འཕྲེད་ཀྱིས་གཅོད་ཀྱི་རེད། བོད་མི་ཚོ་ནི་རང་བཙན་ཡིན་ནམ་དབུ་མའི་ལམ་ཡིན་ཞེས་པའི་གསལ་ཁ་མེད་པ་འདིའི་ནང་ནས་ཤི་མཁན་ཚོ་ཤི་གི་རེད། སྐྱེ་མཁན་ཚོ་སྐྱེ་གི་རེད། ཧ་ལམ་ང་ཡང་ཤི་མཁན་གྱི་གྲས་ན་ཡོད་པ་འདྲ། རྩིས་ཤིག་རྒྱོབས། ད་དུང་ཨང་གྲངས་ཡོད་ན་གསུངས་རོགས།
༼ཡོང་ཁུངས།བོད་ཀྱི་དུས་བབ།༽