༧གོང་ས་མཆོག་གིས་ཧའེ་ཌིས་ལ་སུད་སིའི་སྒོར་མོ་འབུམ་གཅིག་གི་ཞལ་འདེབས་གནང་བ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་བྱང་ཨ་མི་རི་ཁའི་གླིང་ཕྲན་གྱི་དབུས་སུ་ཆགས་པའི་ཧའེ་ཌིས་སྤྱི་མཐུན་རྒྱལ་ཁབ་ནང་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེན་བྱུང་ནས། མི་འབུམ་གཉིས་ལྷག་འདས་གྲོངས་དང། ས་ཡ་གཅིག་ལྷག་རྨས་སྐྱོན་ཕོག་པ་ཚོར་ཆེད་དུ་དམིགས་ནས་སུད་སྒོར་འབུམ་གཅིག་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་བརྒྱུད་ཞལ་འདེབས་གནང་འདུག
སུད་སིར་ཡོད་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལྷན་ཚོགས་(International Federation of Red Cross) དང་ (Red Crescent Societies) ཞེས་པའི་འཛམ་གླིང་ནང་གི་འགྲོ་བ་མིའི་བདེ་རྩ་ཚོགས་པ་ཆེ་ཤོས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷེ་ཀེ་ལེ་ཡིས་མྱུར་འཕྲིན་བརྒྱུད་༧གོང་ས་མཆོག་གིས་རོགས་རམ་གྱི་ཞལ་འདེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་དང། ཧའེ་ཌིས་ནང་དུ་རོགས་རམ་མྱུར་སྐྱོབ་ཀྱི་ལས་ཀ་བྱེད་བཞིན་པའི་ཚོགས་པ་དེའི་འབྲེལ་ཡོད་ལས་བྱེད་ཚོའི་ཁྲོད་དུ་༧གོང་ས་མཆོག་གིས་གདུང་སེམས་མཉམ་བསྐྱེད་གནང་བའི་སྐོར་བརྒྱུད་བསྒྲགས་བྱས་ཚར་ཡོད་པའི་སྐོར་དང། ང་ཚོའི་ངོས་ནས་བློ་དཀར་སེམས་དཀར་གྱིས་ཁྱེད་ཀྱི་མི་སྒེར་གྱིས་འགྲོ་བ་མིའི་བདེ་རྩར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དེར་དང་ལེན་གནང་རོགས་ཞེས་མྱུར་འཕྲིན་ནང་དུ་བཀོད་ཡོད་འདུག
༼ཡོང་ཁུངས།བོད་ཀྱི་བང་ཆེན།༽