བོང་སྟག་རི་ལུ་རྒྱ་གྲོང་འགྲིམས་པའི་ཟིན་ཐོ།
གླེང་གཞི།
ཡུལ་སྐོར་སྤྲོ་འཁྱམ་ནི་དུས་རབས་ཉེར་གཅིག་པའི་ནང་ཆེས་རྒྱུགས་ཆེ་བའི་ལས་སྒོ་ཞིག་ཡིན་ལ། སྣེ་ཤན་པའི་སྣེ་ཁྲིད་དེ་མི་བཤའ་རྒྱུ་ནི་དེའི་ནང་གི་བྱ་བ་འགངས་ཆེན་ཞིག་ཏུ་གྱུར་འདུག དེ་བས་ན། ཡུལ་སྐོར་ལ་འཁྲིད་པ་ནི་དེང་གི་ཆ་ན་མི་མང་པོ་ཞིག་བཤས་རར་འཁྲིད་པ་དང་འདྲ་ལ། ཁྱེད་རང་སྣེ་ཤན་པ་ཡིས་སྣེ་ཁྲིད་དེ་ཉིན་དུ་མའི་རིང་ལ་ཚོང་རྫས་འཛད་སྤྱོད་བྱེད་སའི་ས་གནས་གང་རུང་ལ་ཁྲིད་དེ། ཁྲ་ཁྲ་རིག་རིག་བསྟན་ནས་མིག་འཕྲུལ་བར་བྱེད་པ་དང༌།། ཀ་ར་བུ་རམ་བྱིན་ནས་ཁ་མངར་བའི་བྱས་པའི་རྗེས་སུ། ཅང་མེད་ལག་སྟོང་དུ་བཅུག་ཏེ་ད་གཟོད་ཕྱིར་རང་ཡུལ་དུ་རྫོངས་པར་བྱེད་དོ།།
ང་རང་ཐོག་དང་པོར་གནམ་གྲུར་བསྡད་པ།
ད་ལོའི་དགུན་གནང་གི་སྐབས་དང་བསྟུན་ནས་ངེད་ཚོ་དགེ་གྲོགས་སྐོར་ཞིག་རྒྱ་ནང་དུ་ཆེས་རྒྱུགས་ཆེ་བའི་བྱི་རུའི་གླིང་ཕྲན(海南岛Hainan Dao) ཞེས་པའི་ས་ཁུལ་དེ་རུ་ཡུལ་སྐོར་དུ་འགྲོ་བར་ཐག་བཅད་ལ། མི་རང་ངོས་ནས་སྒོར་ཆིག་སྟོང་ཕུད་གཞན་ཚང་མ་སློབ་གྲྭའི་འགྲོ་སོང་བཏང་ནས་ལམ་དུ་ཆས་པ་ཡིན། སྤྱི་ཟླ་11པའི་ཚེས24ཉིན་ནི་ལམ་དུ་ཆས་པའི་ཉིན་མོ་ཡིན་ལ། འགྲོ་སའི་ལམ་ཐག་ནི་ཟི་ལིང་གྲོང་ཁྱེར་ནས་རྒྱ་ནག་གི་ཀོང་ཀྲིག་(广州Gaung Zhou)གྲོང་ཁྱེར་དང་དེ་ནས་གནམ་གྲུ་བརྗེས་ཏེ་རྒྱ་ནག་གི་(海口HaiKou)མཚོ་ཁུགས་གྲོང་ཁྱེར་དུ་འཕུར་རྒྱུ་དེ་ཡིན། དེ་བས། ཚེས་ཉེར་གསུམ་ཉིན། ང་ཚོ་དགེ་གྲོགས་ཡོངས་ཟི་ལིང་དུ་འཛོམས་དུས་ཚང་མའི་གདོང་ལ་སྤྲོ་ཉམས་ཀྱིས་ཁེངས་ཡོད་ལ། སྐོར་ ཞིག་ནི་གནམ་གྲུ་མཐོང་བ་ལས་གནམ་གྲུར་དངོས་སུ་བསྡད་མ་མྱོང་བས་མཚན་མོར་གཉིད་ཁུགས་ཀྱིན་མེད་ལ། ང་ཡང་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན་པའི་གནམ་གྲུ་ལ་འདུག་འདོད་ཀྱི་སེམས་པ་དེ་ཇི་འདྲའི་བྲེལ་འཚུབ་ཆེ་བ་ཞིག་རེད་ཨང༌། ཕྱི་ཉིན་ཕྱོགས་པར། ཆུ་ཚོད་ལྔ་བའི་སྟེང་ནས་སྔར་གྱི་དུས་ཆད་བཏང་བ་ལྟར་གནམ་གྲུ་འབབ་ཐང་དུ་སྐྱེལ་བའི་སྤྱི་སྤྱོད་རླངས་འཁོར་དེ་ཐོན་བྱུང་ལ། དེའི་ནང་དུ་ཕ་ཡུལ་མེན་ཧོ་(民和Min He)ནས་ཡིན་པའི་གསར་མོ་སྣེ་ཤན་པ་ཞིག་གིས་ང་ཚོ་མཚོ་ཁུགས་སུ་སོང་ན་ཉམས་འཇོག་དགོས་ཚུལ་དང༌། ལྷག་ཏུ་དངོས་པོ་གང་ཡིན་ལ་ལག་པའི་རེག་མི་ཉན་པ་དང་རིན་གོང་འདྲི་མི་ཉན་པ་སོགས་ཀྱི་ཉམས་མྱོང་མང་པོ་ཞིག་སྔོན་འགྲོའི་ཚུལ་དུ་གླེང་བྱུང་ལ། ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་ང་ཚོ་དངོས་སུ་གནམ་གྲུར་བསྡད་ནས་འཕུར། གནམ་གྲུ་འཕུར་མ་ཐག་མགོ་ཡོམ་འཁོར་བའི་སྣང་བ་ཞིག་གིས་ཞེ་མེར་བ་བྱུང་ལ། ཐབ་ཚང་ཞིག་གི་གོང་ཁ་ལྟ་བུའི་སྒེའུ་ཁུང་ཆུང་ཆུང་དེ་ལས་མར་བལྟས་ན། སྤྲིན་དཀར་བོ་མཐོང་ལ་ཡར་བལྟས་ན་གནམ་སྔོན་པོ་མཐོང་བས། ངས་མེས་པོ་རྣམས་ཀྱི་དམངས་གཞས་ཤིག་གློ་བར་དུ་དྲན་ཡོངས་ཏེ། དགུང་ཨ་སྔོན་བང་རིམ་བཅོ་བརྒྱད་ཡོད། བང་རེ་རེའི་ནང་ན་འབྲུག་རེ་ཡོད། ཅེས་པ་དེ་ཅི་མ་བདེན་བསམ་བྱུང་ལ། ངའི་མེས་པོ་རྣམས་ཀྱིས་སྔ་མོ་ནས་བཟུང་གནམ་གྱི་མཐོ་ཚད་རྟོགས་པས་མ་ཚད་འདི་ལྟ་བུའི་སྡོམ་ཚིག་ཅིག་བཀོད་ཡོད་པ་ལ་ང་རང་ཧ་ལས་དགོས་པ་བྱུང༌།གནམ་གྲུ་དུས་ཚོད་གཉིས་ཙམ་ལ་བསྐྱོད་རྗེས་མེ་ཏོག་གི་གྲོང་ཁྱེར་དུ་འབོད་པའི་ཀོང་ཀྲིག་(广州Guang Zhou)གྲོང་ཁྱེར་དུ་ཐོན་བྱུང༌། གནམ་གྲུ་ལས་བབས་ཏེ་ཉིན་གུང་ཁ་ལག་ཟ་དུས་སུ་ངས་ད་གཟོད་ལུག་ཤ་སྙི་མོ་དང་ནོར་ཤ་ཚོན་པོ་དག་དྲན་བྱུང་ལ། འབྲོག་ཟས་རྐྱང་རྐྱང་དེ་ཇ་ཁ་ཞིག་ལ་མེད་ན་ཡང་འདུག་བཟོད་མེད་པ་ཤེས་བྱུང༌། ཉིན་དེར་དེ་ག་རུ་སྒུག་ཏེ་མཚན་མོའི་གནམ་གྲུ་ལ་འདུག་དགོས་པས། སྣེ་ཤན་པའི་ཉིན་གང་བོར་ང་ཚོ་གནམ་གྲུ་འབབ་ཐང་གི་འཁོར་ཁང་ནང་དུ་བཅུག་ནས་བཞག་ལ། དེ་རུ་ཐུག་པ་དཀར་ཡོལ་གང་ལ་སྒོར་སུམ་ཅུ་ནས་བཞི་བཅུ་སྟེར་དགོས་པས། ངོ་མ་ཡུལ་སྐོར་དུ་འགྲོ་རྒྱུར་ཞེད་ནང་ཞིག་སྐྱེས་ཡོང་ལ། ཕྱི་དྲོ་དེ་ནས་བཟུང་ང་ཚོ་བཤའ་རྒྱུའི་མགོ་ཡང་བརྩམས་པ་ཡིན་སྲིད།
སྣེ་ཤན་པའི་ཀུ་རེ་དང་ང་རང་གི་གནོང༌།
དེ་ལྟར། མཚན་མོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་གནམ་གྲུར་བསྡད་རྗེས་སུ་ཆུ་ཚོད་གཅིག་གི་རྗེས་ནས་ང་ཚོ་མཚོ་ཁུགས་སུ་འབྱོར་བྱུང་ལ། མཚོ་ཁུགས་ཀྱི་སྣེ་ཤན་པ་དེས་གནམ་གྲུ་འབབ་ཐང་ནས་བསུས་ཏེ་སྤྱི་སྤྱོད་དུ་བསྡད་རྗེས། ཁོའི་ངག་ནས་ས་གནས་དེ་ཡི་འབྱོར་བ་ཆེ་ཚུལ་མེད་ལ་ཡོད་བཏོད་ནས། ཁོར་ཡུག་མཛེས་ཚུལ་ཡག་ལ་རྒྱན་བཏགས་ནས་བཤད་བྱུང་ལ། ཀུ་རེ་འདྲེས་མའི་ཚུལ་གྱིས། ཁྱེད་ཅག་ཡུལ་སྐོར་བ་ཚོས་ཁྲོད་ན། རང་གི་ཆུང་མ་འགྲོགས་ནས་ཡོང་མཁན་ཡོད་སྲིད་ལ། གཞན་གྱི་ཆུང་མ་ཁྲིད་ནས་ཡོང་མཁན་ཡང་ཡོད་སྲིད། ཅེས་བཤད་བྱུང༌། སྐད་ཆ་དེས་ང་ཡི་ངོ་གདོང་ཚ་ལམ་ལམ་བཏང་ན་ཡང་ཚང་མ་འུར་ཆིལ་ལེར་དགོད་པ་ལས་ལན་འདེབས་མཁན་གཅིག་ཀྱང་མ་བྱུང༌། ཡིན་ན་ཡང༌། ཏག་ཏག་ང་ལ་དེ་ལྟ་བུའི་དོན་དག་ཅིག་ཡོད་དེ། སྔོན་ཆད་དགའ་རོགས་སྒྲིག་མྱོང་བའི་གཞན་གྱི་ཆུང་མ་དེ་ད་ཐེངས་རང་དང་མཉམ་དུ་ཐེངས་འདིར་ཡུལ་སྐོར་ལ་ཡོང་ཡོད་པས་སོ།།
དམར་དམག་དཔའ་མོ་རྣམས་ཀྱི་རྗེས་དྲན་ཁང་དུ་ཕྱིན་པ།
ཕྱི་ཉིན་ཞོགས་པར་ང་ཚོ་སྣེ་ཤན་པའི་སྣེ་ཁྲིད་འོག དམར་དམག་དཔའ་མོ་རྣམས་ཀྱི་རྗེས་ དྲན་ཁང་དུ་ཕྱིན་པ་ཡིན་ལ། དེ་ལས་དཔའ་མོ་སྐོར་ཅིག་གི་ལོ་རྒྱུས་འདུག་པ་ལས་ཁོ་ཚོ་ནི་དམར་ དམག་དཔའ་མོ་རྣམས་ལས་བཅིངས་འགྲོལ་དམག་ཏུ་ཞུགས་མཁན་ཐོག་མ་ཡིན་ལ། རང་གི་རྒྱལ་ ཁབ་དང་རང་གི་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དག་ཡིན་པས། རྒྱ་མི་དག་གིས་ བལྟས་ན་དེ་ལས་ཀྱང་ཆེས་རིན་ཐང་ཆེ་བར་འདོད་ལ། བཤམས་སྟོན་གྱི་ཤེལ་སྒྲོམ་ངོགས་སུ་སྔོན་ ཆད་ཁོ་ཚོའི་སྤྱད་མྱོང་བའི་རྩྭ་ཞྭ་དང་རྩྭ་ལྷམ། མེ་མདའ་དང་སྒྱོགས་མདེལ་སོགས་མང་པོ་ཞིག་ མཐོང་རྒྱུ་འདུག་པས། སེམས་ཅུང་སྐྱོ་བོ་བྱུང་ལ། འདི་ལས་ང་ཚོ་བོད་ཀྱི་སྔོན་གཤེགས་དཔའ་བོ་ དཔའ་མོ་དག་དྲན་ཡོང་ལ། དྲན་གསོ་ཞུ་མཁན་མེད་པའི་ཁོ་ཚོས་མིང་ཡིག་དང་བྱས་རྗེས་ཡོད་ཚད་ས་ངོས་སུ་འཐིམས་པ་འམ། བར་སྣང་ནས་བོར་བ་འདྲ་ལ། བཙན་རྒྱལ་རྒྱལ་ཁབ་གང་མང་གི་གཉའ་གནོན་དྲག་པོ་ལ་ངོ་རྒོལ་བྱས་ཏེ། རང་སྲོག་འབེན་ལ་འཇོག་མྱོང་བའི་རང་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་པ་ཇི་འདྲའི་དྲན་ཨང༌།
པར་ལ་བརྟེན་ནས་སྒོར་མོ་ལེན་ཐབས།
ཉིན་མོ་དེ་ནི་ང་ཚོ་ལ་མཚོན་ན་ཡུལ་སྐོར་གྱི་ཉིན་དང་པོ་ཡིན་པས། ཚང་མའི་སེམས་ལ་སྤྲོ་བ་དང་དགའ་སྣང་གིས་ཁེངས་ཡོད་པས། དཔའ་མོ་རྣམས་ཀྱི་རྗེས་དྲན་ཁང་དུ་བལྟས་ཚར་རྗེས་སུ། (万泉河Wan Qian He)ཞེས་པའི་མཚེའུ་དེའི་འགྲམ་དུ་ཆུ་རྐྱལ་སྟེགས་སུ་ཕྱིན་པ་ཡིན། མཚོ་གྲུ་ལ་ཞུགས་ནས་དུས་ ཚོད་ངེས་ཅན་ཞིག་ལ་ཆུ་རྐྱལ་བྱས་ནས་མཚེའུ་འགྲམ་དུ་ཕྱིར་འབྱོར་དུས་ང་ཚོ་ལ་འདྲ་མང་པོ་ཞིག་བརྒྱབ་འདུག་ལ། འདྲ་རེ་ལ་སྒོར་མོ་10ནས་15བར་སྟེར་དགོས་པ་ལ། དེ་ཡང་བོད་ཀྱི་ཁ་དཔེ་ལ་ལ་ཁ་ནས་ཇག་པ་བཙན།། མཚོ་ཁ་ནས་གྲུ་བ་བཙན་ཞེས་པ་ལྟར་ཁོ་ཚོའི་མི་དགའ་བའི་སྡང་སྡིག་རེ་རེ་ སྟོན་དུས་ང་ཚོའི་གློ་ཁུག་ནས་བཅུ་ཤོག་རེ་རེ་མི་སྟེར་ཐབས་མེད་དུ་གྱུར། དེ་ནས་བཟུང༌། ངས་ཡུལ་སྐོར་བ་མང་པོ་ཞིག་ནི་གཞན་གྱི་གཡོ་འོག་ཏུ་ཚུད་ཀྱིན་ཡོད་པ་མཐོང་ལ། གྲོང་ཁྱེར་ཇི་ལྟར་ཆེ་ན་ རྙོག་འཛིང་དེ་ལྟར་ཆེ་བ་དང༌། ནམ་ཡང༌། དོགས་དོགས་སྐྲག་སྐྲག་ལ་འདུག་དགོས་པའི་གྲོང་ཁྱེར་གྱི་མི་དང་ཡུལ་སྐོར་བ་ཚོའི་ལས་དབང་གཉོམ་པོ་དེ་དྲན་འོངས།
ད་འདོན་རྒྱུ་ཞིག་ཡོད་ན་འདོན་རོགས།
ཡུལ་སྐོར་གྱི་དུས་སུ་ཆེས་སུན་ས་ཞིག་ཡོད་པ་ནི་སྒོར་མོ་མི་ལེན་པར་ཇ་དང་ཁ་ཧྥེ་ལྡུད་པ་སོགས་འཐུང་སར་འཁྲིད་པ་དེ་ཡིན་ལ། ཡུལ་སྐོར་གྱི་ཉིན་འདི་ཚོ་ལ་སྔ་ཕྱིར་རིན་མི་ལེན་པར་ཇ་ལྡུད་ས་དང༌། ཁ་ཧྥེ་སོགས་འཐུང་ས་འགའ་རེ་ལ་ཁྲིད་པ་དང༌། ཁོ་ཚོའི་གཅིག་ནས་ཁ་ནས་འཆད་པ་དང༌། གཉིས་ནས་ལག་ལེན་དངོས་ཀྱི་ཚོད་ལྟ་སོགས་བརྒྱུད་དངོས་པོ་གང་ཞིག་ཡིན་ཀྱང་དེ་ཡི་ཕན་ཡོན་ དེ་འགྲུལ་བ་རེ་རེའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པར་མ་ཟད། དེ་དག་རེ་རེ་བཞིན་ མཚམས་སྦྱོར་རབ་དང་རིམ་པ་བྱས་ཚར་རྗེས་ད་གཟོད་ཁྱེད་ཀྱིས་དངོས་པོ་དེ་མི་ཉོ་ཐབས་མེད་དུ་བཏང་འགྲོ་ལ། ཐེངས་ཤིག་ལ་ང་ཚོ་ཡང་བསྐྱར་རིན་མི་ལེན་པར་ཇ་ལྡུད་ས་ཞིག་ཏུ་ཁྲིད་པ་ན། ང་ཚོའི་ཁྲོད་ཀྱི་བགྲེས་པོ་ཅུང་རྒན་པ་ཞིག་ཡོད་པ་དེས། ད་འདོན་རྒྱུ་ཞིག་ཡོད་ན་རེམ་མ་ཐོན་དང་ཞེས་པའི་ཚང་མ་བཞད་གར་ཐག་གེར་བུད་སོང་ལ། ངོ་མ་དེ་འདྲ་ཞིག་ཀྱང་ཡིན་ཏེ། དངོས་པོ་གང་ཡིན་ཀྱང་དེ་ཡི་དགེ་མཚན་བརྗོད་མི་ཚར་བ་ཞིག་འདོན་རྒྱུ་ཡོད་ལ། དེ་དང་ལྷན་དུ་རིན་མི་ལེན་པར་ཇ་དང་ཁ་ཧྥེ་སོགས་བླུད་རྗེས། ད་གཟོད་ཁྱེད་རང་ལྕགས་ར་ཆུང་ཆུང་ཞིག་ཏུ་བཅུག་པ་དང་འདྲ་བར། རང་གི་དངོས་པོ་ཞིག་མ་ཉོས་ན་ངོ་གནོང་བའི་ཚད་དུ་གཏུག་ངེས།
ཐེངས་འདིའི་འགྲུལ་བཞུད་ཁྲོད་ཀྱི་བག་ཆགས་ཆེས་ཆེ་བ་ཞིག
ཉིན་འགའི་འགྲུལ་བཞུད་འདི་ལས། ང་ལ་བག་ཆགས་ཆེས་ཆེ་བ་ཞིག་བཞག་པ་ནི(槟榔谷Bian Lang Gu)ཞེས་པའི་གླིང་ག་དེར་ཕྱིན་པ་ཡིན་ལ། ང་ཚོ་ནུབ་སྒོ་ནས་ནང་དུ་འཛུལ་མ་ཐག་མི་རིགས་ ཤིག་གི་མཚོན་རྟགས་གསལ་བོར་མཐོང་ཡོང༌། དེ་ནི་གནའ་བོའི་དུས་ཀྱི་(苗族 Miao Zu) མའོ་མི་རིགས་དང(黎族Li Zu )ལིས་མི་རིགས་གཉིས་ཡིན་ལ། སྐབས་དེར་(苗族Miao Zu)མའོ་མི་རིགས་ཀྱི་མི་སྣ་འགའ་རེ་མཐོང་རྒྱུ་འདུག་ན་ཡང༌།ལིས་མི་རིགས་ཀྱི་ཤུལ་བཞག་རིག་གནས་ཙམ་ལས་ཅི་ཡང་མཐོང་རྒྱུ་མ་བྱུང༌། ང་ཚོ་གླིང་ག་འདིར་འཛུལ་མ་ཐག་སྨྲ་ལྕེ་དག་པའི་སྣེ་ཤན་པ་ཞིག་གིས་རྒྱའི་སྤྱི་སྐད་ཀྱི་ལམ་ནས་ང་ཚོ་ལིས་མི་རིགས་ནི་ཞེས་མཚམས་སྦྱོར་བྱས་སོང་ལ། རྡོ་སྐས་ཀྱི་ཐེམ་སྐས་རེ་རེ་བརྒྱུད་ནས་ཕར་ཕྱིན་པ་ན། རྡོ་ལ་རྡོ་ལྷ་དང༌། ཆུ་ལ་ཆུ་ལྷ། ཤིང་ལ་ཤིང་ལྷ་ཞེས་སྔ་མོ་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་མི་རིགས་འདིའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་ལ། མི་རིགས་འདི་ཡང་བོད་མི་རིགས་དང་འདྲ་བར་བག་ཆགས་ཀྱི་གཏིང་རིམ་ན་གཞན་ཕན་གྱི་བསམ་བློ་ཞིག་སྐོང་ཡོད་པ་མཐོང་ཡོང་ལ། ས་ཆ་འདི་གར་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་ནི་མི་རིགས་འདིའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པ་ཨེ་ཡིན་བསམ་པའི་དྲི་བ་རེ་ཟུང་ཡང་གློ་བུར་དུ་ཡིད་ལ་དྲན་ཡོང༌། ཡིན་ན་ཡང༌། ཆེས་ཡིད་སྐྱོ་བ་ཞིག་ནི་མི་རིགས་འདིའི་སྐད་ཆ་དང་ཡིག་རིགས་ཤིག་ཡོད་མེད་ལ་བདག་གིས་རྒྱུས་ལོན་བྱུང་མ་ཐུབ། གལ་ཏེ། ཡོད་པའི་དབང་དུ་བཏང་ཡང་ད་ལྟ་ནི་ཉམ་ཆུང་ཞིང་ཉག་ཕྲ་བའི་གནས་སུ་ལྷུང་ཡོད་པ་ན་ཁོ་ཐག་བཅད་དེ་བཤད་ཆོག་གོ། ཡུལ་སྐོར་གྱི་ས་ཚིགས་རེ་རེ་ནས་མཚམས་སྦྱོར་བྱས་པ་ལྟར་མའོ་མི་རིགས་མཚམས་སྦྱོར་བྱེད་པའི་དུས་ལ་ཐོན་བྱུང༌། མི་རིགས་དེའི་ཡུལ་སྲོལ་གོམ་གཤིས་སོགས་ལ་ང་རང་ཆ་རྒྱུས་ཆེན་པོ་ཞིག་མེད་ན་ཡང༌། འདྲ་རེས་ཁ་ཤས་ལས་མཐོང་བ་ལྟར་ན་མི་རིགས་འདི་ནི་ཡུལ་སྲོལ་གོམ་གཤིས་ཕུན་སུམ་ཚོགས་པ་ཡོད་པའི་མི་རིགས་ཤིན་ཏུ་མཐོང་ལ། ལྷག་པར་དུ། ནོར་གནག་གི་མགོ་བོ་དང་བརྙན་རིས་སོགས་གང་སར་མཐོང་རྒྱུ་ཡོད་པ་འདིས་ཁོ་ཚོ་ནི་ནོར་གནག་ལ་དུངས་བ་ཟབ་པའི་མི་རིགས་ཤིག་ཡིན་པ་མཐོང་ངོ༌།། སྐབས་དེར་ཁོ་ཚོ་ཡི་འཁྲབ་སྟོན་རེ་འགའ་ལས་རང་བྱུང་ཁམས་ལ་དུངས་བ་ཟབ་པ་ལས་བོད་མི་རིགས་དང་ཆ་འདྲ་ས་གང་མང་ཞིག་མཐོང་ཡོད་པས། ང་ལ་མཚོན་ན་ཐེངས་འདིའི་འགྲུལ་བཞུད་ལས་མི་རིགས་འདིའི་ཡུལ་སྲོལ་གོམས་གཤིས་ཀྱིས་བག་ཆགས་ཟབ་མོ་ཞིག་བཞག་སོང་ལ། ལྷག་པར་ཏུ། ཡུལ་སྐོར་མི་སྣ་ཞིག་གི་ངག་ལས་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་ཐོས་འོངས་ཏེ། མི་རིགས་འདི་གཉིས་ནི་དེ་སྔ་པེ་ཅིན་གྲོང་ཁྱེར་ཉེ་འདབས་ཀྱི་མི་རིགས་གཉིས་ཡིན་ལ། རྗེས་སོར། ས་མཐའ་དེ་རུ་རྒྱང་འཕུངད་བཏང་བ་སོགས་ཀྱི་གཏམ་རྒྱུད་ཙམ་གོ་བ་ན་ང་ལ་སྔར་ལས་ལྷག་པའི་དུངས་བ་ཞིག་སྐྱེས་ཡོང་ལ། གཞན་གྱི་ལག་ཆ་ལྟ་བུ་ཞིག་དུ་གྱུར་འདུག་པའི་མི་རིགས་འདི་གཉིས་ཀྱི་ལས་དབང་ལ་སེམས་ཁུར་ཡང་ཡང་བྱེད་དགོས་བྱུང་བར་མ་ཟད། མི་རིགས་བཙན་གཉོམ་གྱི་ཁྱད་པར་གྱིས་མི་རིགས་གཉོམ་ཆུང་རེ་འགའ་ཞིག་ཁ་རོག་གེར་ཁུ་སིམ་མེར་འདུག་དགོས་པའི་བཟོ་ལྟ་སྙིང་རྗེ་བོ་དེ་དྲན་སོང༌།
ཡུལ་སྐོར་གྱི་ས་གནས་ཕལ་མོ་ཆེ་ལ་སྒོ་གཉིས་འདུག་དོན་ཨེ་ཤེས།
ཚེས་28ཉིན་གྱི་ཞོགས་པར་ང་ཚོ་ཡར་ལངས་ཏེ་(南海军岗Nan Hai Jun Gang)ཞེས་པའི་དམག་ཁུལ་དེར་བལྟ་རུ་ཕྱིན་པ་དང༌། དམག་ཁུལ་དེ་རུ་ཕྱིན་པ་ན་གཞན་དང་མི་འདྲ་ས་ཞིག་ནི་དྲག་ཆས་ལག་ཆ་དེ་དག་ལ་གང་འདོད་དུ་པར་རྒྱག་ཏུ་མི་འཇུག་པ་དེ་རེད། དེ་ག་རུ་དམག་མི་ཞིག་གིས་གྲི་དང་ཡོ་བྱད་ལ་སོགས་ངོ་སྤྲོད་བྱས་རྗེས་ཡང་བསྐྱར་དེ་དག་བཙོང་ས་ཞིག་ཏུ་ཁྲིད་སོང༌། ཡུལ་སྐོར་གྱི་ལམ་དུ་འཛད་སྤྱོད་བྱེད་ས་རུ་སོང་ན་སྒོ་གཉིས་འདུག་སྟེ། སྒོ་གཅིག་ནི་ཡར་འཛུལ་ནས་དངོས་པོ་ངོ་སྤྲོད་བྱེད་ས་དང༌། སྒོ་གཞན་ཞིག་ནི་ཕྱི་རུ་འབུད་སའི་སྒོ་སྟེ། སྒོ་དེ་ནས་ཕྱིར་འབུད་དུས་སུ་དངོས་པོ་གང་རུང་ཞིག་ཡིན་གཅིག་མིན་གཉིས་ཁྱེད་ལ་ཉོ་རུ་འཇུག་སྲིད་ལ། མདོར་ན། དེ་དག་ཚང་མ་ནི་ཡུལ་སྐོར་སྤྲོ་འཆམ་ བྱེད་ས་ཞིག་མ་ཡིན་པར་ཚོང་རྫས་ངོ་སྤྲོད་བྱེད་ས་ལྟ་བུ་ཞིག་ཏུ་ཆགས་འདུག་ལ། སྒོ་གཅིག་ནི་ཁྱེད་རང་དགའ་དགའ་སྤྲོ་སྤྲོའི་ངང་ནང་དུ་འཛུལ་ས་དང་སྒོ་གཞན་ཞིག་ནི་ཁྱེད་རང་སྐྱོ་སྐྱོ་སྡུག་སྡུག་ ངང་ཕྱི་རུ་འབུད་ས་དེའོ།།
བྱི་རུའི་གླིང་ཕྲན་(海南岛Hai Nan Dao)ནས་འབྲས་སྐྱ་ཙམ་ཟ་རྒྱུ་བྱུང་ན་ཡང་སྐྱིད་པོ་འདུག
སྤྱིར་ན་ང་ཚོ་ནི་འབྲས་སྐྱ་ཁོ་ན་ཟ་བའི་མི་ཏག་ཏག་མིན་ན་ཡང༌། ཡུལ་སྐོར་གྱི་དུས་སུ་ད་གཟོད་འབྲས་སྐྱ་ཙམ་ཟ་རྒྱུ་བྱུང་ན་ཡང་དགེ་བ་རེད། ལུག་ཤ་དང་ནོར་ཤ་སོགས་དྲན་ཐེངས་རེར། ཕྱིར་ཡུལ་དུ་ལོག་མ་ཐག་ལུག་ཤ་བུབས་ཤིག་ལོས་ཟ་འདོད་ལ། རང་ཉིད་གང་ལ་དགའ་ན་དེ་ལ་ སྡང་བ་ལྟར་ནོར་ལུག་ལ་ཇི་ལྟར་དགའ་བ་བཞིན་ནོར་ལུག་གི་ཤ་ལ་ཡང་དེ་ལྟར་སྡང་ཡོང༌། ཕ་ཡུལ་དུ་སྡོད་དུས་ལུག་ཤ་ཚོན་པོ་བཙས་ཤིང་ཞར་དུ་ཐུག་པ་རེ་བཀོལ་ན་ཡང༌། ད་དུང་ཟ་མི་འདོད་པའི་ ཚད་དུ་འདུག་ན་ཡང༌། ད་ལྟ་ཕ་ཡུལ་དང་ལེ་དབར་སྟོང་ཕྲག་དུ་མའི་ཆོད་དུས་ཐོག་མར་དྲན་ཡོང་བ་ནི་ཕ་ཡུལ་གྱི་ཟས་རིགས་དང༌། དེ་ནས་རི་ཆུ་ནགས་གསུམ། དེ་ནས་རྟ་ནོར་ལུག་གསུམ། དེ་ནས་གཡོ་སྒྱུ་དང་ནག་ནོག་གིས་མ་གོས་པའི་ཡུལ་མི་ཚོའི་གཞུང་དྲང་གི་བསམ་བློ་རེད། སྤྱིར་ན། ངས་ཉིན་འགའ་ཡི་འགྲུལ་བཞུད་ཀྱི་ཁྲོད་ནས་ཕ་ཡུལ་དེ་དྲན་ཁོམ་ཞིག་དང་འབྲི་ཁོམ་ཞིག་མི་འདུག་ན་ཡང༌། ངོ་མ་ཕ་ཡུལ་གད་པ་ཡིན་རུང་སྐྱིད་ཞེས་པ་ལྟར། གོམ་གསུམ་ཕར་ལ་སྤོས་ན་ཕྱིར་མིག་ལན་གསུམ་ཤོར་འགྲོ།
ཡུལ་སྐོར་བ་མང་ཤེད་ཅིག་ནི་མིག་ཡས་མེད་པའི་ཞ་ར་རེད།
ཡུལ་སྲོལ་གོམས་གཤིས་མི་འདྲ་བ་དང༌།རིག་གནས་རྒྱབ་ལྗོངས་མི་འདྲ་བ། ཟ་རིགས་འཐུང་རིགས་མི་གཅིག་པའི་ས་ཆ་ཞིག་དུ་ཡུལ་སྐོར་དུ་ཕྱིན་ཚེ། ཆེས་ཐོག་མའི་དཀའ་ཁག་ནི་བགྲོད་པ་ལྟོགས་པ་དེ་ཡིན་ལ། དེའི་རྗེས་ཀྱི་དཀའ་ཁག་ནི་སྣེ་ཁྲིད་པ་ལེགས་པོ་ཞིག་དང་མ་འཕྲད་ན་བལྟ་སྐོར་གྱི་ཡུལ་ལྗོངས་དེའི་རིག་གནས་རྒྱབ་ལྗོངས་མི་ཤེས་པ་དེ་རེད། སྤྱིར་ན། གནས་སྐོར་གྱི་ས་གནས་ཕལ་མོ་ཆེ་ཞིག་ལ་ལོ་རྒྱུས་ཀྱི་རང་བཞིན་དང་དུས་རབས་ཀྱི་དུས་རབས་རང་བཞིན། མི་རིགས་ཀྱིརང་བཞིན་ཅིག་ཡོདསྲིད་མོད། ཡིན་ན་ཡང༌། དེ་ཡི་རིག་གནས་རྒྱབ་ལྗོངས་མ་རྟོགས་ཚེ། རི་འདི་ཡག་པ་དང༌། ཆེ་འདི་དྭངས་བ། མེ་ཏོག་འདི་མཛེས་པ་སོགས་ཀྱི་ཕྱི་ཡི་རྣམ་པ་ཙམ་ལས། དེའི་ཕ་རོལ་གྱི་ལོ་རྒྱུས་ ཤིག་རྟོགས་མི་ཐུབ་ལ། ཡུལ་སྐོར་བ་ཕལ་མོ་ཆེ་ཞིག་གིས་མིག་སྔར་གྱི་མཛེས་ལྗོངས་ཁོ་ན་ལས་མཐོང་གིན་མེད་པས། ཁོ་ཚོ་ནི་མིག་ཡས་མེད་པའི་ཞྭ་ར་འདྲ་བོ་ཞིག་ཆགས་འདུག་གོ།
ཨ་མ་གཅིག་གི་བུ་མོ་ཡིན་མིན་ལ་དོགས་པ་ཟ་དགོས་བྱུང༌།
ཐེངས་འདིའི་འགྲུལ་བཞུད་ཀྱི་ཁྲོད་ནས་མེ་འཁོར་ལ་བསྡད་དེ་ས་ནས་ནུར་ཐེངས་རེར་དང༌། མཚོ་གྲུ་ལ་བསྡད་དེ་མཚོ་ལ་རྐྱལ་ཐེངས་རེར། གནམ་གྲུ་ལ་བསྡད་དེ་གནམ་ནས་འཕུར་ཐེངས་རེར། ངས་ཆེས་ཐོག་མར་དྲན་འོང་བ་ནི་ཐང་ཨ་ལོང་འདྲ་བའི་སྟེང་གི་རྟ་གྱི་ལིང་འདྲ་བོ་ཞོན་པའི་ངའི་ཕ་ཡུལ་གྱི་སྟག་ཤར་དང་སྨན་ཤར་དག་ཡིན་ལ། ཁོ་ཚོ་ནི་ལྷིང་འཇགས་ཀྱི་ཡུལ་གྲུ་ཞིག་ན་སོས་བདེ་བག་ཕེབས་ངང་འཚོ་བ་རོལ་བཞིན་ཡོད་པ་དེ་རེད། ད་དུང་དེ་ལས་ཀྱང་ཆེས་དྲན་འོས་པ་ཞིག་ནི་ཡུལ་མིའི་ཚོའི་གཞུང་དྲང་གི་བསམ་བློ་དེ་རེད། ཁྱེད་རང་ཅང་མེད་སྤྲང་བོ་ཞིག་ཡིན་ཀྱང་འབྲོག་པའི་ཁྱིམ་ཚང་ཞིག་ལ་ཐོན་ཚེ་ཐོག་མར་རིན་མི་དགོས་པའི་ཇ་དང་གོ་རེ་སྟེར་སྲིད་མོད། ཡིན་ན་ཡང༌། གྲོང་ཁྱེར་དང་རྩྭ་ཐང་གཉིས་ནི་ལྡོག་ཟླར་འགྲེངས་ཡོད་དེ། གྲོང་ཁྱེར་ནས་ཁྱེད་ལ་ཐོག་མར་རིན་མེད་ཀྱི་ཇ་ཆུ་རྟགས་ཙམ་ཞིག་བླུད་ཚེ་འགྲོ་ཁར་མ་མཐའ་ཡང་སྒོར་ཉི་ཤུ་ཙམ་གྱི་ཚོང་རྫས་ཉོ་དགོས་པ་དང༌། དཔེ་དེ་བཞིན་དུ་ཚོང་རྫས་གང་ལ་ཡང་གང་འདོད་དུ་མིག་གིས་བལྟ་མི་ཉན་པ་དང༌།གང་འདོད་དུ་ལག་པས་རེག་མི་ཉན་པ། གང་འདོད་དུ་རིན་གོང་འདྲི་མི་རུང་ལ། གལ་ཏེ་སྐབས་ལ་ལར་ལས་མ་དྲངས་པར་རིན་གོང་སོགས་གཏམས་རྗེས་མ་ཉོས་ཚེ་ཁྱེད་ཀྱི་མགོ་ལ་དམྱལ་བ་དམར་པོ་ཞིག་ཡོང་ངེས། དཔེ་དེ་བཞིན་དུ་གྲོང་ཁྱེར་གྱི་མི་འདི་རྣམས་ཆེ་མ་ཆུང་གསུམ་གང་ཡིན་ཀྱང་ཆུང་དུས་ནསབསམ་བློའི་རྒྱུད་ལ་གཞན་ལ་མགོ་གཡོག་པ་དང༌། གཞན་གྱི་རྒྱུ་ནོར་དེ་ཐབས་ཀྱིས་ལེན་པའི་འདུ་ཤེས་ཤིག་ཆགས་འདུག་ལ། ངའི་ཡུལ་མི་ཚོ་ནི་གཞན་ལ་ཕན་འདོགས་པ་དང༌། གཞན་ལ་སྙིང་རྗེ་མཁན་ཞིག་ཡིན་ལ། མི་རིགས་འདི་གཉིས་ཀྱི་གཤིས་ཀའི་ངོ་བོ་ལྡོག་ཟླར་འགྲེངས་ཡོད་པས། སྐབས་འདིར། ངས་དེ་སྔ་བོད་ཀྱི་གླུ་མ་ཞིག་གིས་བླངས་པའི་བོད་རིགས་དང་རྒྱ་རིགས་ནི་ཨ་མ་གཅིག་གི་བུ་མོ་ཡིན་ཞེས་པ་དེ་ལ་དོགས་པ་ཡང་ཡང་ཟ་དགོས་བྱུང༌།
རྒྱ་ནང་ནས་རྡུང་ལེན་ལ་ཉན་ན་སྤྲོ་བོ་འདུག
འགྲུལ་བཞུད་ཀྱི་ཁྲོད་ནས་ཉིན་གཅིག་ནི་རང་འགུལ་གྱི་བྱ་འགུལ་སྤེལ་བའི་ཉིན་མོ་ཡིན་པས། ཞོགས་པར་ཡར་ལངས་དུས་དགེ་གྲོགས་ཚང་མ་གཅིག་རྗེས་གཉིས་མཐུད་བྱས་ཏེ་རྒྱ་སྲང་ཉུལ་བར་བུད་སོང༌། ང་གཅིག་པུ་མགྲོན་ཁང་དུ་སྡོད་དུས་ཞབས་ཞུ་བུ་མོ་དེ་ཡོངས་ནས་ལས་གྲོགས་ཚང་མ་ བུད་སོང་བའི་བརྡ་བརྒྱབ་ན་ཡང༌། ངས་ཁེ་ཉིན་གྱི་ཡུལ་སྐོར་ཟིན་ཐོ་དེའི་མཇུག་བརྐྱངས་མེད་པའི་མི་འགྲོ་བའི་བརྡ་བསྟན་པ་ཡིན་ལ། ཞར་དུ་ལག་ཁྱེར་ཁ་པར་ལས་རྡུང་ལེན་པ་བདུད་པེ་ཡི་《ཨ་མའི་བྱམས་བརྩེ་》ཞེས་པ་དེར་ཉན་བསྡད་པ་ཡིན། ངོ་མ་བོད་མི་གཅིག་ཀྱང་མཐོང་རྒྱུ་མེད་ལ། བོད་སྐད་གཅིག་ཀྱང་ཐོས་དཀོན་པའི་གྲོང་ཁྱེར་ཞིག་ནས། རང་གཅིག་པུས་ཁ་རོག་གེར་ཁུ་སིམ་མེར་རྡུང་ལེན་ལ་ཉན་ཏེ་བསྡད་ན་སྤྲོ་བོ་འདུག་ལ། རྡུང་ལེན་གྱི་དབྱངས་རྟ་དང༌། གླུ་ཚིག གླུ་སྐད་སོགས་ཀྱིས་ ང་རང་རང་དབང་མེད་པར་དྲིན་ཆེན་ཨ་མའི་གམ་དུ་འབྱོར་བ་ལྟ་བུའི་བྱམས་བརྩེའི་སྣང་བ་ཞིག་སྦྱིན་སོང་ངོ༌།།
པེ་ཧེ་(北海Bei Hai)གྲོང་ཁྱེར་ནི་ཀྲུང་གོའི་བརྒྱུད་འཚོང་(传销Chuan Xiao)ཆེས་ཆེ་ས་དེ་ཡིན་པ།
མཚོ་ཁུགས་གྲོང་ཁྱེར་ནས་མཚོ་གྲུ་ལ་བསྡད་དེ་མཚན་ལམ་རིང་མོ་ཞིག་ལ་བསྐྱོད་མཐར་ ཕྱི་ཉིན་ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་ང་ཚོ་པེ་ཧེ་གྲོང་ཁྱེར་ལ་འབྱོར་བྱུང༌། པེ་ཧེ་རུ་འབྱོར་མ་ཐག་སྣེ་ཤན་པ་མཛེས་མ་དེས་གནས་དེའི་ས་རྒྱའི་ཆེ་ཆུང་དང་མི་གྲངས་ཀྱི་མང་ཉུང་སོགས་རགས་བསྡུས་ཙམ་ངོ་སྤྲོད་བྱས་ཚར་རྗེས། ས་ཆ་དེ་ག་རུ་ཆེས་རྒྱུགས་ཆེ་བ་ནི་བརྒྱུད་འཚོང་(传销Chuan Xiao)ཡིན་པར་བཤད་པ་དང༌། མི་རང་ངོས་ནས་བདེ་འཇགས་ལ་སེམས་ཆུང་བྱེད་དགོས་ཚུལ་བརྗོད་བྱུང༌།བརྒྱུད་འཚོང་ཞེས་པའི་མིང་ཚིག་དེ་ཐོས་དུས་བདག་གི་ལུས་ཀྱི་དབང་རྩ་ཡང་འདར་བར་བྱེད་ལ། རྒྱུ་མཚན་ནི། ཉེ་ལམ་བརྒྱུད་འཚོང་བྱས་པ་དེས་བསླུ་བྲིད་ཀྱི་ལག་ཟུང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཕ་མཐའ་ནས་བོད་ཁུལ་གྱི་ས་ཕྱོགས་སོ་སོར་བསྲིངས་དང་བསྲིང་བཞིན་པའི་སྒང་ཡིན་ལ། ཡི་གེ་ཙམ་ཤེས་པའི་གྲྭ་བ་དང་སློབ་མ། ཡི་གེ་གཅིག་ཀྱང་མི་ཤེས་པའི་འབྲོག་པ་དང་ཞིང་བ་སོགས་གང་ཟག་ཕལ་མོ་ཆེ་ཞིག་དེ་ཡི་གཡོ་འོག་ཏུ་ཚུད་ཀྱིན་ཡོད་ཨང༌། ང་ཚོ་རླངས་འཁོར་ལས་བབས་མ་ཐག་ནམ་ད་དུང་གསལ་བོ་ཞིག་ལངས་མེད་ན་ཡང༌། ཀྲུང་གོའི་དངུལ་ཁང་ཞེས་པའི་དངུལ་སྒོར་ལེན་སའི་སྒོ་རུ་མི་མང་པོ་འཚང་ཁ་བརྒྱབ་ནས་འདུག་ལ། སྣེ་ཤན་པའི་ངོ་སྤྲོད་བྱས་པ་ལྟར་ན་དེ་ནི་མགོ་གཡོག་མགོ་བསྐོར་གཏོང་མཁན་གྱི་མི་དག་ཡིན་པ་དང༌། དེ་རུ་སྒོར་ལེན་མི་ཉན་ཚུལ་བརྗོད་ལ། འཁྱམ་པ་དེ་ཚོས་ཀྱང་ནམ་མ་ལངས་བར་དེ་ག་རུ་ཡོང་ནས་མིའི་རིགས་ལ་བསླུ་བྲིད་གཏོང་ཆེད་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་རང་རང་གི་ལས་ཀར་འབད་ཀྱིན་ཡོད་ཨང༌།
མཇུག་མཐའི་བསྡོམ་ཚིག
ཐེངས་འདིའི་འགྲུལ་བཞུད་ཀྱི་ཁྲོད་ནས་མང་པོ་ཞིག་མཐོང་ཞིང་མང་པོ་ཞིག་ཐོས་ན་ཡང༌། འདིར་ཉོག་ཚིག་དང་ཚིག་ཚོགས་སོགས་ལ་དོགས་ནས་གོ་གོ་རིག་རིག་ཐམས་ཅད་ཟིན་ཐོ་རུ་མ་སྤེལ་ལ་ཡོད་ཚད་ཟིན་ཐོ་རུ་འགོད་དགོས་པའི་ངེས་པ་ཡང་མ་མཆིས། ཡིན་ན་ཡང༌། ཐེངས་འདིའི་འགྲུལ་བཞུད་ཀྱི་ཁྲོད་ནས་ང་ལ་ཆེས་ཆེ་བའི་ངེས་ཟིན་ཞིག་ཐོབ་པ་ནི་ངའི་ཕ་ཡུལ་ནི་ཆེས་དག་གཙང་གི་ཡུལ་གྲུ་དེ་ཡིན་ལ། ངའི་ཡུལ་མི་ཚོ་ནི་ཆེས་གཞུང་དྲང་གི་མི་རིགས་ཤིག་ཡིན་པ་དེའོ།
By ཛཱ་ཏི།, སྤྱི་ཟླ་གཉིས་པ། 8, 2010 @ 7:55 am
ངའི་གྲོགས་པོ་ཞིག་དེ་གར་སྤྲོ་འཁྱམ་དུ་འགྲོ་དགོས་ཤེས་ཤོར་གྱི་འདུག ཁྱེད་རང་གི་མཐོང་ཐོས་མྱོང་གསུམ་དེ་ཁོ་ལ་བསྐུར་ཡོད། ཁོ་རང་ཕྱིར་འཁོར་མཚམས་སུ་གནས་ཚུལ་ཅི་ཆགས་དང་ཁྱེད་གཉིས་ཀྱི་བལྟ་ཚུལ་མཐུན་མིན་རྗེས་སུ་འདིར་འཁོད་ཆོག
By tak pa, སྤྱི་ཟླ་གསུམ་པ། 14, 2010 @ 4:45 am
ཡཀ་པོ་བྲསིདཀལས
By བརྩེ་ཀུན་ཁྱབ, སྤྱི་ཟླ་དྲུག་པ། 30, 2010 @ 9:09 am
དྲ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས།