བོད་མདོ་སྨད་མཚོ་བྱང་ཁུལ་དུ་སློབ་གྲྭ་ཆུང་འབྲིང་ཇེ་ཉུང་དུ་བཏང་ནས་ཁུ་བསྡུ་བྱེད་བཞིན་པ།

ཨ་མདོའི་ཁོངས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་བརྒྱ་དང་དགུ་བཅུ་གོ་གསུམ་ཡོད་པ་དེའི་བརྒྱ་དང་ལྔ་བཅུ་ང་གཅིག་ཇེ་ཉུང་དུ་བཏང་ནས་ཁུ་བསྡུ་བྱས་ཏེ་ད་ལྟ་བཞི་བཅུ་ཞེ་གཉིས་ལས་མེད་པ་རེད་ཟེར་།རྒྱ་ནག་གི་སློབ་གསོའི་ལམ་ལུགས་བཅོས་བསྒྱུར་བྱས་ཏེ་ལོ་གཅིག་གཉིས་ཞིག་གི་སྔོན་ནས་མཚོ་ལྷོ་ཁུལ་དུ་ལག་ལེན་བྱས་ཡོད་ཀྱང་།ས་གནས་མང་ཚོགས་ཀྱིས་བརྗོད་ན་།སློབ་ཆུང་གི་སློབ་མ་ཚོར་མཚོན་ན་སྔོན་མ་ས་གནས་ཞང་རེ་རེ་ན་སློབ་ཆུང་ཡོད་པས་སྟབས་བདེ་བོ་ཡིན་པ་དང་།དེང་སང་སློབ་གྲྭ་གནས་གཅིག་ལ་ཁུ་བསྡུ་བྱས་རྗེས་།ས་ཁུལ་ཁ་ཤས་ནས་སྤྱི་ལེ་བརྒྱ་གཉིས་བརྒྱ་བར་ནས་ལོ་བརྒྱད་དགུ་༼དོན་དངོས་ཐོག་ལོ་དྲུག་བདུན་ལས་ཟིན་མེད།༽ཅན་གྱི་བྱིས་པ་སློབ་གྲྭར་བསྐྱལ་ཡོང་དུས་།ལོ་ན་ཆུང་ཆུང་གི་སློབ་མ་ཚོས་ཡུལ་དྲན་ནས་སློབ་སྦྱོང་ལེགས་པོ་བྱེད་ཐུབ་པ་དང་།ཕ་མ་ཁ་ཤས་ཀྱང་བློ་མ་བདེ་བར་མཉམ་དུ་རྫོང་ཐོག་ལ་ལྟ་སྐྱོང་དུ་འགྲོ་གི་ཡོད་ཕྱིར་།མི་སེར་དཀྱུས་མ་ཚོས་འཚོ་བའི་ཐད་འགྲོ་གྲོན་འཕར་མ་གཏོང་དགོས་པ་སོགས་ཀྱི་དཀའ་ངལ་ངེས་ཅན་ཞིག་ཡོད་པ་མ་ཟད་།སློབ་གྲྭ་མང་པོ་མཉམ་དུ་བསྡུས་བ་ལས་འཛིན་གྲྭ་གཅིག་ནང་སློབ་ཕྲུག་བརྒྱ་ལྷག་ཡོད་པས་སློབ་གསོའི་སྤུས་ཀའི་ཐད་ལའང་ལེགས་པོ་ཡོང་མིན་གནད་དོན་དབྱེ་ཞིབ་པའི་ནང་སེམས་ཁྲལ་དང་ཐེ་ཚོམ་བྱེད་གཞིར་གྱུར་ཡོད་།ཟླ་བ་འདིའི་ཚེས་ ༡༢ ཉིན་ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་བོད་ཀྱི་དུས་བབ་ཀྱིས་ལུང་འདྲེན་བྱས་པ་ལྟར་ན། རྒྱ་ནག་གི་མཐོ་འབྲིང་ཚད་མཐོན་པོས་གཅིག་བསྡུས་བྱེད་པ་དང་དམའ་འབྲིང་ལྟོས་བཅས་ཀྱིས་གཅིག་བསྡུས་བྱེད་པ། སློབ་ཆུང་འོས་འཚམ་གྱིས་གཅིག་བསྡུས་བྱེད་པའི་ལེགས་སྒྲིག་བྱེད་ཐབས་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་ལམ་ཁུལ་ཡོངས་ཀྱི་མཐོ་འབྲིང་དང་རྫོང་བཞིའི་སློབ་གྲྭའི་ཁྲོད་ཡུན་རིང་གི་སློབ་གསོའི་བཀོད་སྒྲིག་ལེགས་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ཤིང་། འཆར་འགོད་ལ་གཞིགས་ན། མཚོ་བྱང་ཁུལ་གྱིས་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་རིམ་པ་བགོས་ནས་བརྟན་བརླིང་ལ་སྐུལ་སྤེལ་བྱེད་པའི་རྩ་དོན་ལ་གཞིགས་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ ༡༩༣ ༼ ཆེད་ལས་སློབ་གྲྭ་དང་དམིགས་བསལ་སློབ་གྲྭ། བྱིས་གཉོར་ཁང་སོགས་འདུས་མེད། ༽ ཡོད་པ་དེའི་ནང་སློབ་གྲྭ་ ༡༥༡ ཇེ་ཉུང་དུ་བཏང་ནས་སློབ་གྲྭ་ ༤༢ ལ་ལེགས་སྒྲིག་བྱས།

ལེགས་སྒྲིག་བྱས་པའི་སློབ་གྲྭ་ཆུང་འབྲིང་ ༤༢ ནང་མཐོ་རིམ་སློབ་འབྲིང་ ༣ གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ནུབ་མཚོ་གྲོང་རྡལ་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་འཛུགས་རྒྱུ་དང་མིན་ཡོན་རྫོང་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་འཛུགས་རྒྱུ། མདོ་ལ་རྫོང་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གསུམ་པ་རྒྱ་བསྐྱེད་དུ་གཏོང་རྒྱུ་བཅས་ཡིན་འདུག

ལེགས་སྒྲིག་བྱས་པའི་དམའ་རིམ་སློབ་འབྲིང་གི་ཁྱབ་ཚུལ་ནི། མིན་ཡོན་རྫོང་དུ་སློབ་གྲྭ་ ༤ དང་ཆི་ལེན་རྫོང་དུ་སློབ་གྲྭ་ ༢ ། རྐང་ཚ་རྫོང་དུ་སློབ་གྲྭ་ ༡། ཧེ་ཡན་རྫོང་དུ་སློབ་གྲྭ་ ༣ བཅས་དང་། ལེགས་སྒྲིག་བྱས་པའི་སློབ་ཆུང་གི་ཁྱབ་ཚུལ་ནི། མིན་ཡོན་རྫོང་དུ་སློབ་ཆུང་ ༡༢ དང་ཆི་ལེན་རྫོང་དུ་སློབ་ཆུང་ ༡༡། རྐང་ཚ་རྫོང་དུ་སློབ་ཆུང་ ༥ ། ཧེ་ཡན་རྫོང་དུ་སློབ་ཆུང་ ༤ བཅས་ཡོད།
མཚོ་བྱང་ཁུལ་གྱིས་མིག་སྔར་ཡོད་པའི་སློབ་གྲྭ་ཆུང་འབྲིང་ལེགས་སྒྲིག་བྱས་རྗེས། ཁུལ་ཡོངས་ཀྱི་སློབ་གསོའི་ཐད་སློབ་གྲྭའི་མལ་ཁང་དང་དགེ་རྒན། སྒྲིག་ཆས་མི་འདང་བ་དང་། མཐོ་འབྲིང་དུ་སློབ་སྦྱོང་བྱེད་དཀའ་བ་དང་སློབ་ཞུགས་སྔོན་གྱི་བྱིས་པ་བྱིས་གཉོར་ཁང་དུ་འགྲོ་དཀའ་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་དཀའ་བའི་ ༼ མི་འདང་བ་གསུམ་དང་དཀའ་ཁག་གསུམ་ ༽ གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད་སྐོར་བཀོད་འདུག

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes