རྒྱ་ནག་གི་གྲོང་གསེབ་དང་གྲོང་ཁྱེར་གྱི་ཡོང་སྒོའི་བར་ཁྱད་དེ་ལོ་སུམ་ཅུའི་རིང་གི་ཆེ་ཤོས་རེད་།
དེ་རིང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་ནང་གནས་ཚུལ་སྤེལ་བ་ལྟར་ན།སྤྱི་ལོ་༢༠༠༩ལོའི་གྲོང་ཁྱེར་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་རྒྱ་སྒོར་ཁྲི་གཅིག་དང་སྟོང་བདུན་བརྒྱ་དང་བདུན་དོན་ལྔ་ཡིན་པ་དང་།ཞིང་གྲོང་གི་མི་རེའི་ལོ་རེའི་ཡོང་སྒོ་རྒྱ་སྒོར་སྟོང་ལྔ་དང་བརྒྱ་དང་ལྔ་བཅུ་ང་གསུམ་ཡིན་འདུག དེ་ནི་སྤྱི་ལོ་༡༩༧༨ལོ་ནས་བཟུང་གྲོང་གསེབ་དང་གྲོང་ཁྱེར་གྱི་ཡོང་སྒོའི་བར་ཁྱད་ཆེ་ཤོས་དེ་ཡིན་པས་།ཕྱི་ལོག་ནས་བར་ཁྱད་འདི་སྤྱི་ཚོགས་ཐོག་བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་དུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད་།དེ་བཞིན་གོང་བརྗོད་ཚགས་པར་ནང་བརྗོད་ན་།བློ་འདོན་སྒྲིག་འཛུགས་མང་པོས་རྒྱ་ནག་གི་དམངས་ཆེན་དང་གྲོས་ཚོགས་གཉིས་ཀྱི་ཚོགས་འདུ་མ་འཚོགས་སྔོན་ལ་གྲོང་གསེབ་དང་གྲོང་ཁྱེར་ཡོང་སྒོའི་བར་ཁྱད་ཀྱི་ཚབས་ཆེན་རང་བཞིན་ཐད་ཉེན་བརྡ་བརྒྱབ་འདུག བར་ཁྱད་དེ་གཙོ་བོ་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་ནང་ལོག་གི་གྲོང་གསེབ་ས་ཁུལ་གྱི་ཡོང་སྒོ་རྗེས་ལུས་ཐེབས་པའི་བར་བསྡུར་གྱི་ཡོད་ལ་།འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་སྤྱི་ཚོགས་བདེ་འཇགས་ཁག་ཐེག་བྱེད་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་།དེ་མིན་རྒྱ་ནག་ནང་ཁྱིམ་ཐོ་ལམ་ལུགས་ལ་བཅོས་བསྒྱུར་གཏོང་བའི་འབོད་སྐུལ་ཡང་མཚམས་ཆད་ཀྱི་མེད་ལ།མིག་སྔར་ཞིང་པ་ཞོར་ལས་པ་མི་གྲངས་དུང་ཕྱིར་གཉིས་ལྷག་ཡོད་པ་དེ་དག་གིས་གྲོང་ཁྱེར་ནང་ལས་ཀ་བྱེད་དུས་ཁྱིམ་ཐོའི་ལམ་ལུགས་རྐྱེན་གྱིས་ལས་ཀ་ཤོར་བའི་ཁ་གསེབ་གྲོན་དངུལ་དང་སྨན་བཅོས་མ་དངུལ་།བྱིས་པ་རིམ་མེད་སློབ་གྲྭར་འགྲོ་བ་སོགས་ཀྱི་ཐོབ་ཐབ་རེག་གི་མེད་པ་རེད་།ཚེས་༡ཉིན་རྒྱ་ནག་ནང་གི་ཚགས་པར་ཁང་བཅུ་གསུམ་གྱིས་ཐུན་མོང་གིས་ཆེད་བརྗོད་སྤེལ་ནས་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་འབྲེལ་ཡོད་སྡེ་ཚན་གྱིས་ཁྱིམ་ཐོའི་ལམ་ལུགས་ལ་བཅོས་བསྒྱུར་གཏོང་པའི་དུས་ཚོད་ངེས་ཅན་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་ལ་།དེ་ནི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱིས་གཞུང་གིས་སྲིད་ཇུས་གདོང་ལེན་བྱས་པའི་གནས་ཚུལ་མཐོང་དཀོན་པ་ཞིག་རེད་།ཡིན་ནའང་རྒྱ་ནག་གཞུང་གིས་ཀྱང་ཉེ་ཆར་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་།