མདོ་སྨད་བླ་བྲང་གི་བོད་མི་ཞིག་ལ་ལོ་བཅོ་ལྔའི་ཁྲིམས་ཆད་བཅད་འདུག

ཐབས་མཁས་རྒྱ་མཚོ་ལགས།
རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་བ་ཐབས་མཁས་རྒྱ་མཚོ་ལ་ཆབ་སྲིད་ཉེས་མིང་འོག་ལོ་བཅོ་ལྔའི་རིང་བཙོན་འཇུག་དང་ལོ་ལྔའི་ཆབ་སྲིད་ཀྱི་ཁེ་དབང་བླངས་བའི་ཁྲིམས་ཆད་བཅད་འདུག
ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་བཅད་ཡིག་ཆ་ངོ་མ་ལག་སོན་བྱུང་ཡོད་ལ། དེའི་ནང་དུ་ ༢༠༠༩ལོའི་ཟླ་ལྔ་པའི་ཚེས་༢༡་ཉིན་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་མི་སེར་ཡིན་པའི་ཐབས་མཁས་རྒྱ་མཚོ་འམ་ དུས་འཁོར་ཐབས་མཁས་ལ་ ༢༠༠༨ལོར་མི་རིགས་ཁ་བྲལ་ལ་དམིགས་པའི་བོད་རང་བཙན་ཀྱི་འོས་ལངས་ནང་ཞུགས་པ་དང་། སྔོན་མ་༢༠༠༥ལོ་ནས་བཟུང་ཕྱི་ཕྱོགས་སུ་ཡོད་པའི་རང་བཙན་ཚོགས་པར་འབྲེལ་བ་ཐེངས་མང་བྱས་པ་སོགས་ཀྱི་གནད་དོན་ཐོག་ཁྲིམས་ཞིབ་བྱས་ཏེ་ལོ་༡༥འི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ད་དུང་ཡིག་ཆ་དེའི་ནང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དཔང་པོ་གསུམ་ལ་ར་སྤྲོད་བྱེད་བཅུག་ཡོད་པ་དང་ ཁོང་གིས་ཁ་བྲལ་གྱི་ལས་དོན་སྤེལ་བར་ངོས་ལེན་བྱས་པ་གཞིར་བཟུང་ཁྲིམས་ཐག་བཅད་ཚུལ་བཀོད་འདུག
ཡིན་ནའང་རྒྱ་ནག་གི་ཁྲིམས་ཁང་ཁག་གིས་དུས་རྒྱུན་གུང་ཁྲན་གཞུང་གི་ཁེ་ཕན་དང་དམིགས་འདུན་ཁོ་ནར་བསམ་ནས་ཆབ་སྲིད་དང་འབྲེལ་ཡོད་གྱོད་དོན་རིགས་ལ་དྲང་བདེན་སྒོས་ཁྲིམས་ཞིབ་མི་བྱེད་པ་དང་། གྱོད་ཡར་ཁྲིམས་རྩོད་པ་གདན་འདྲེན་སོཊ་ཀྱི་ཐོབ་ཐང་མི་སྤྲོད་པར་གསང་བའི་སྒོ་ནས་ཁྲིམས་ར་བསྡུ་བ་དང་། ལྷག་པར་དུ་བོད་དང་ཞིན་ཅང་གཙོས་མི་རིཊ་གནད་དོན་ཅན་གྱི་ཚོར་བ་རྣོ་བའི་གྱོད་དོན་རིགས་ལ་ཚད་ལས་བརྒལ་བའི་ཉེས་ཆད་ལྗིད་མོ་གཅོད་བཞིན་ཡོད་སྐོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོཊ་པ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་པ་རེད།
༼གཞི་བཅོལ་ས།ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་།༽
By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 3, 2010 @ 10:49 pm
དུས་འཁོར་ཐབས་མཁས་ལགས་ད་དུང་དབང་བོ་སྐྱོན་ཅན་དུ་བཏང་ཡོད་པའི་ཁུངས་ལྡན་གནས་ཚུལ་འབྱོར་གསལ། ཁྱིམས་ཐག་མ་བཅད་པའི་ཡར་སྔོན་ལ་གཤགས་བཅོས་ཤིག་བཏང་འདུག་ཟེར་ལ། དགྱ་གཞུང་གིས་བཤད་ཚུལ་ལ་རྒྱུ་ལྷག་ཡིན་ཟེར། དོན་དུ་སྒལ་ཚིགས་ཀྱི་ནང་ཡིན་པ་འདྲ།
By གཡུ་ཞུན, སྤྱི་ཟླ་གསུམ་པ། 4, 2010 @ 8:54 pm
རེད་ཡ།ད་ཁོང་ལ་ཁྲིམས་ཆད་ལྗིད་མོ་བཅད་ཟིན་པ་མ་ཟད་།སྐུ་ལུས་ནད་ཀྱིས་བཟུང་ཡོད་པས་གནས་ཚུལ་ཞིབ་ཕྲ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཚོགས་པ་ཁག་ལ་ཞུས་ཏེ་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་སྨན་བཅོས་བྱེད་པའི་མིང་ཐོག་ནས་གློད་གྲོལ་ཐོབ་རྒྱུར་འབད་རྒྱུ་དེ་གལ་ཆེན་རེད་།
By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 5, 2010 @ 10:38 pm
མ་མཐོང་རྒྱང་རིང་གི་བརྩེ་བའི་ཨ་ཅེ་ལྕགས་མོ་འཚོ་ལགས། དུས་འཁོར་ཐབས་མཁས་ལགས་ཀྱི་གནས་ཚུལ་ཡོང་ཁུངས་གཞན་ཞིག་ལྟར་ན། ཁོང་ཁྲིམས་རར་ཁྲིད་འོང་སྐབས། ཕྱི་ལོག་ནས་སྨན་པ་གཉིས་ཀྱིས་བཀྱགས་ནས་ཡོང་གི་འདུག་ཟེར་ལ། ཁྲིམས་གཅོད་ར་བར་སླེབས་དུས་དམག་མི་གཉིས་ཀྱིས་མཆན་ཁུངས་གཡས་གཡོན་ནས་བཀྱགས་འདུག་ཟེར། དེ་དུས་ད་དུང་ཁོང་གིས་མགོ་བོ་འཇོག་ཐུབ་ཀྱི་མི་འདུག་ཟེར། དེའི་སྟབས་ཀྱིས་ཁོང་གི་ནང་མིས་ངེས་པར་ཐུག་འཕྲད་ཡོང་བའི་སྐྱབས་འཇུག་ཞུས་ཀྱང་དོན་ཕན་མ་བྱུང་བ་རེད་ཟེར། དེར་བལྟས་ནའང་ཁོང་གི་ལུས་པོར་བརྗོད་ལས་འདས་པའི་ནད་གཅོང་གི་ཕམ་ཉེས་ཤིག་བྱུང་ཡོད་པ་ཚོར་འོང་། འདི་ལ་གོང་གི་ཁྱེད་ཀྱི་གསུང་བ་བཞིན་སྙན་ཞུ་ཕུལ་ས་དང་འབུལ་ཐབས་ག་རེ་ཡིན་ནམ་ཨ་ཅེ་ལགས་ཀྱིས་གསལ་བོའི་ལམ་སྟོན་ཞིག་གནང་བའི་སྐྱབས་འཇུག་དང་། ནུས་མེད་བདག་ལ་དེའི་ཐད་ཐབས་ཤེས་མེད་ནའང་། འདི་ཕྱོགས་ཀྱི་ཚོགས་པ་ཁག་དང་འབྲེལ་ཡོད་ཀྱི་ཐད་ལས་ཀ་ག་རེ་ཡོད་ན་བདག་གི་གང་ནུས་ཀྱིས་བསྒྲུབ་ཆོག་པ་ཡིན། ངས་འདི་ལྟར་འགན་འཁུར་དོན་ནི་ཐབས་མཁས་ལགས་ཀྱི་ནང་མི་ཞིག་དང་ངེད་གཉིས་དངོས་སུ་ཐུག་ནས་དྲ་ཐོག་ནས་ཁ་བརྡ་བྱས་ཏེ་དངོས་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་དེ་གོ་བས་ཡིན་ལ། ཁོང་ནི་དངོས་སུ་ན་ནིང་གི་ཞི་བའི་ངོ་རྒོལ་ནང་བྱས་རྗེས་ཡོད་པའི་མི་ཞིག་ཡིན་པས་ཡིན།
By རྒྱ་མཚོ, སྤྱི་ཟླ་གསུམ་པ། 6, 2010 @ 9:58 am
ཨ་ཅེ་ལྕགས་མོ་འཚོ་ལགས་ཀྱིས་གནས་ཚུལ་འདིར་བཀོད་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ངོ་མ་ཡིད་ཕངས་བ་ཞིག་རེད།