བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་རྒྱུ་མཚན་འགའ།

གངས་ལྷ་མོ་ལགས།

གངས་ལྷ་མོ་ལགས།

  • གངས་ལྷ་མོ།

    གླེང་གཞི།
    དེ་སྔོན་སྒེར་ངོས་ནས་བསམ་གཞིགས་དུ་མར་བརྒྱུད་ཕྱི་ལོ་2009ལོའི་ཟླ་8པར་སྐུ་ངོ་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྒེར་གཉེར་གནང་བའི་བཀའ་བློན་ཁྲི་པ་ཞེས་པའི་དྲ་ཚིགས་ཀྱི་བཀའ་བློན་ཁྲི་པའི་འོས་གཞིར་བཞུགས་པ་ཡིན། དྲ་རྒྱ་དེའི་འབྲེལ་ཡོད་ལས་བྱེད་ཀྱིས་གུས་མོར་རྒྱབ་སྐྱོར་བྱེད་མཁན་གསར་འདེམས་ཐེངས་གསུམ་ཙམ་བརྗེ་བསྒྱུར་བརྒྱུད། ཕྱི་ལོ་2010ལོའི་ཟླ་2པའི་ཟླ་དཀྱིལ་ནས་འོས་མི་གཞན་དང་སྤྱི་མཚུངས་ལྟར་དགོས་ངེས་ཀྱི་མི་གྲངས་ཉེར་ལྔ་དགོས་ཚུལ་གྱི་ཆ་རྐྱེན་ཚང་བར་བྱུང༌།
    ཡང་དག་པའི་དམངས་གཙོ་ཡིན་ལུགས་བརྗོད་བཞིན་པའི་ཡུལ་གྱར་བོད་མི་ཚོས་མིང་གྲགས་ཆེན་པོའི་ཆོ་ལོ་མེད་ཅིང༌། འབྱོར་ལྡན་ཆེན་པོའི་རྒྱབ་གཉེར་མེད་པའི་རྡ་རམ་ས་ལར་གནས་གཞིར་བྱས་པའི་བོད་མོ་གསར་འབྱོར་བ་དཀྱུས་མ་ངའི་ངོ་གདོང་གསར་པར་བལྟས་ཏེ། གུས་མོ་བཀའ་ཁྲི་དྲ་རྒྱའི་འོས་གཞིར་བཞུགས་ཚུལ་གྱི་བཟང་ངན་ནམ་ལེགས་ཉེས་སྣ་ཚོགས་ཀྱི་གླེང་ཕྱོགས་ཁྲོད་གཙོ་བོ་དོགས་འདྲོགས་ཅན་ཚོའི་ཨ་མཚར་སེལ་ཕྱིར་འདིར་སྒེར་ངོས་ནས་བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་སྔོན་འགྲོའི་རྒྱུ་མཚན་གཙོ་གནད་ཁག་ཅིག་བརྗོད་རྒྱུ་ཡིན་།
    དང་པོ། གཉའ་གནོན་དང་དྲག་པོའི་བཙན་འཛུལ་བས་བསུན་བཙིར་འོག་ཡོངས་གྲགས་སུ་ཕྱི་ལོ་1959ལོའི་སྐབས་དེར་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མི་ཡུལ་གྱར་བ་རྣམས་རིམ་བཞིན་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང༌། ཡུལ་གྱར་མི་དམངས་ཀྱི་རང་གཞུང་འཛིན་སྐྱོང་སྡེ་ཚན་གྱི་མ་ལག་གཙོས། གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་སོགས་འཛུགས་ཐབས་ཕྱིར་ང་ཚོའི་རྒན་རབས་ཚོས་འབད་འབུངས་ཀྱི་བྱས་རྗེས་བཟང་པོར་ལེགས་གསོལ་ཞུ་བར་སྦྲགས། ཁོང་རྣམས་ཀྱི་རྗེས་ཤུལ་འདི་དེང་གི་དུས་སུ་རྨིག་མེད་དུ་མི་འགྲོ་བའི་ཕྱིར་རྗེས་རབས་པའི་བོད་མི་ཞིག་གིས་དགོས་ངེས་ཀྱི་ཆབ་སྲིད་དམངས་གཙོའི་ལམ་ལུགས་བརྒྱུད་གོ་དབང་བརྩོན་ལེན་གྱི་ཆ་ཤས་ལེན་པ་ཡིན།
    གཉིས་པ། དེང་གི་དུས་ནི་བོད་མི་རིགས་འདི་ཛ་དྲག་གི་རྒྱུད་རིམ་དུ་བགྲོད་བཞིན་པ་ཡིན་ལ། འཛམ་གླིང་སྤྱིའི་ལུགས་མཐུན་གྱི་གོམས་འགྲོས་དང་མཉམ་བསྐྱོད་ཐོག་མ་འོངས་པར་ཡངས་ཞིང་རྒྱ་ཆེ་བའི་མདུན་ལམ་རྒྱ་བསྐྱེད་དང་མདུན་བསྐྱོད་ཚད་ལྡན་ཡོང་ཕྱིར་བོད་མི་རིགས་ཆོས་སྲིད་གཉིས་ཐད་ནས་འཁྱོག་ལམ་དུ་མི་ལྷུང་བའི་ཆེད་དུ། སྐབས་བབས་སུ་ཕྱི་འགྱངས་རྩ་བ་ནས་མི་ཕོད་པའི་ཕྱོགས་ལ་ཡོ་བསྲང་དང་བཅོས་བསྒྱུར་དགོས་སྟབས། རང་གཞུང་གི་བཀའ་ཁྲིའི་ཆེས་མཐོའི་ཆབ་སྲིད་ཀྱི་གོ་གནས་ནས་བྱ་བ་བསྒྲུབ་ཕྱོགས་ཀྱི་ཆ་ངེས་ཅན་ལག་བསྟར་ཐུབ་པའི་ཆ་རྐྱེན་མང་ཙམ་ལྡན་ཕྱིར།བོད་མི་ཡུལ་གྱར་བ་སྤྱི་མཚུངས་ལྟར་གོ་དབང་བརྩོན་ལེན་བྱེད་པའི་སྔོན་འགྲོའི་རྒྱུད་རིམ་དུ་བཞུགས་པ་ཡིན།
    གསུམ་པ། རྒྱ་ནག་གཞུང་ངོས་ནས་བོད་ཡུལ་གྱར་གཞུང་ཟེར་བ་ནི་ཏྰ་ལའི་བླ་མས་ཕྱི་ཚུལ་དུ་རང་དབང་དང་དམངས་གཙོ་ལག་བསྟར་ཡིན་ཁུལ་སྒྲོག་བཞིན་པ་ཙམ་ལས་། དོན་དམ་པར་ཁོ་རང་སྒེར་གྱི་དབང་ཆར་འདོད་རྔམ་ཆེན་པོ་ཡོད་ཚུལ་དང༌། རང་སེམས་དུག་གསུམ་གྱིས་སྦྲིལ་ནས་དབང་ཆ་སྒེར་འཛིན་བྱེད་བཞིན་དེ་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་སྐྱར་གསོ་བྱེད་བཞིན་པའི་སྐྱོན་བརྗོད་དང་ལོག་ལྟ་ངན་པར་དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་བོད་མི་དར་གཞོན་ཞིག་གི་ངོས་ནས་དེར་དགོས་ངེས་ཀྱི་ཐད་ཀར་ཁ་གཏད་དང་ལན་འདེབས་ཆེད་དུ་ཡིན།
    བཞི་པ། དམངས་གཙོ་དངོས་ཀྱི་འགྲོ་ལུགས་ལྟར་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བཞིན་ཁོང་གི་སྲིད་ཕྱོགས་ཀྱི་ཐུགས་སྲས་གཅིག་ཏུ་བགྲང་འོས་པའི་མ་འོངས་རང་གཞུང་བཀའ་བློན་ཁྲི་པ་འདི་ཡག་ཤོས་བྱུང་ན་བུད་མེད་ཅིག་ལེགས་ཚུལ་དང༌། དེ་མ་བྱུང་ཡང་གཞོན་སྐྱེས་གཅིག་ཡོང་ན་བཟང་བར་གསུངས་པའི་དགོངས་འདུན་འགྲུབ་ཕྱིར་ཡིན་ལ། དེ་མིན་གོང་གི་ཆ་རྐྱེན་གཉིས་ཚང་བའི་ཐོག་གཙོ་བོར་རང་གཞུང་ངོས་ནས་ཁ་ཚ་དགོས་གཏུག་གི་དོན་དག་འགར་བརྗོད་ཐབས་དང༌། དངོས་སུ་བཅོས་བསྒྱུར་གྱི་གོམས་སྟབས་སྤོ་ཆེད་ཡིན།
    ལྔ་པ། ཡུལ་གྱར་དུ་འབྱོར་བའི་རང་རིགས་སྤུན་ཟླ་མང་ཆེར་ནི་མིང་ཆེན་པོའི་གྲགས་པ་མེད་ལ་ནོར་འབྱོར་གྱི་རྒྱབ་རྩ་ཐུག་པའི་འབྱོར་ལྡན་གྲལ་རིམ་མིན་ནའང༌། ཡུལ་གྱར་དུ་བྱོལ་བའི་དུས་རིམ་ནང་འབད་བརྩོན་ལྷོད་པ་མེད་པར་རང་གི་ཤེས་འཇོན་གཉིས་ཕྱོགས་ནས་མཐོར་འདེགས་ཡོང་ཐབས་དང༌། རང་མི་རིགས་ཀྱི་རྩ་བའི་གནས་སྟངས་སོགས་འཕེལ་རྒྱས་ཡོང་ཕྱིར་ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་འདོད་པའི་དྲང་བདེན་གྱི་བླ་སྲོག་གཅེས་ཉར་གནང་མཁན་སྒང་ཚུགས་ཅན་གྱི་གངས་ཅན་པ་ཡོངས་ལ་ནུས་ལྡན་གྱི་རྒྱབ་སྐྱོར་དང་སྤོབས་པ་བསྐུལ་ཆེད་ཡིན།
    དྲུག་པ། སྐུ་དྲག་པོ་ཚོས་བྲན་གཤིས་ཀྱི་རང་སྐྱོན་བཙན་བཟུང་ཐོག་བོད་ཉམས་ཉེས་ཀྱི་བྱུང་བའི་ལོ་རྒྱུས་ནི་རླབས་ཆེན་གྱི་རྒྱུད་རིམ་ཁོ་ནར་ཡིན་པ་དང༌།དེ་འདྲ་ཞིག་འཇིག་རྟེན་འདིར་མེད་ཚུལ་ཡང་སྒྲོག་གང་ཐུབ་བྱེད་ལ། དྲེགས་པ་ཚོས་ལོག་ལྟ་དང་རྙིང་ཞེན་། དེ་བཞིན་མཁྲེགས་འཛིན་གྱི་རྫོང་ཆེན་གཏོར་ཕྱིར། རྨོངས་གཉིད་སད་བཞིན་པའི་བོད་མི་རྣམས་ཀྱིས་འཛམ་གླིང་འདིའི་རྒྱབ་ཁབ་དང་གཞན་མི་རིགས་ཚོས་རང་དབང་དང་སྤོབས་པས་བརྩོན་ལེན་གནང་བའི་བྱས་རྗེས་བཟང་པོའི་རྗེས་སུ་འབྲངས་ཕྱིར། ཁོང་རྣམ་པས་མིའི་རིགས་ཀྱི་སྤོབས་པ་བསྐྱེད་དེ་འབྲས་བཟང་ཐོན་པའི་བྱ་བཞག་བཟང་པོ་དེ་དག་ལ་བཅོས་མིན་གོང་བསྐུལ་ཡོང་ཕྱིར་ཡིན་ལ། དེ་བཞིན་རང་སྐྱོན་རང་རྟོག་གིས་བློ་གྲོས་ཀྱི་རྩལ་མིག་བག་ལ་མ་ཞ་གོང་དྲེགས་པ་ཚོའི་བློས་གཏོང་བྱ་རྩིས་མེད་པའི་ངན་སྤྱོད་དག་ལ་ཉེན་བརྡ་གཏོང་ཆེད་ཀྱང་ཡིན།
    བདུན་པ། འཕེལ་རྒྱས་འགྲོ་དགོས་ན་སྐྱོན་ཆ་སེལ་དགོས་པ་ནི་སུས་ཀྱང་རྟོགས་ཐུབ་པའི་གནས་ལུགས་ཤིག་རེད། ང་ཚོར་གཟེངས་ཐོན་གྱི་བྱས་རྗེས་ཕྱོགས་མེད་པ་མིན་ནའང་ཕྱོགས་མང་ས་ནས་ལྟོ་གོས་ཙམ་གྱིས་འཚོ་བར་གོམས་འདྲེས་སོང་ཞིང༌། ལྷིང་འཇགས་རོལ་ནས་བགྲང་བྱ་ལྔ་བཅུ་ལྷག་ཙམ་འདས་ཟིན་། རང་དབང་དང་དམངས་གཙོ་དངོས་ཡིན་ན་ང་ཚོའི་རིགས་མཐུན་གྱི་ཁོར་ཡུག་འདིའི་སྐྱོན་མཚང་མཐོང་ཞིང་། དེར་ལེགས་བཅོས་ཡོང་བའི་ཐབས་ལམ་སྤེལ་གང་ཐུབ་ཀྱི་གོམས་སྲོལ་ཙམ་ཡང་ཆགས་མེད་པའི་རྒྱུ་མཚན་གང་ཡིན་ནམ། ད་ནས་བཟུང་མི་དམངས་ཡོངས་ཀྱི་ངེས་པར་དུ་རང་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་གཞུང་གི་སྲིད་ཇུས་ལེགས་བསྒྱུར་དང་མཐོར་འདེགས་ཡོང་ཕྱིར་རྗེས་ལུས་ཀྱི་སྔར་སྲོལ་བསྐྱར་བཟློས་བརྒྱ་ཡིས་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་འཕྲོག་བརླག་མི་གཏོང་བའི་ངང་མི་རེ་ངོ་རེའི་བློ་གྲོས་དང་འཇོན་ནུས་བཏོན་བའི་བྱ་བཞག་སྤེལ་དགོས་ལ། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་རང་ལ་དཔག་པའི་འོས་འགན་རེར་ལེན་ཕྱིར་ཡིན།
    བརྒྱད་པ། ལུགས་སྲོལ་ངན་པ་རྒྱུན་འགྱམས་སོང་བའི་འུར་བརྗོད་ཀྱི་ཕྱིའི་རྣམ་པ་ཙམ་བཏོན་རྒྱུར་དགའ་བ་དེ་དོན་དངོས་ཐོག་རྣམ་གཡེང་གི་རྒྱུན་རིམ་ཙམ་ཡིན་པའི་སྟོང་འདང་གི་གོ་རིམ་མཐའ་དག་མཇུག་སྒྲིལ་ཏེ། རང་གཞུང་དང་ཚོགས་པ་ཁག ཡང་ན་སྒེར་སོགས་ངོས་ནས་བོད་ལ་རང་དབང་གི་དོན་དངོས་ལེགས་འགྲུབ་ཡོང་ཕྱིར་ད་ཡོད་སྲིད་ཇུས་ཀྱི་ལེགས་ཕྱོགས་ཀྱི་རྨང་གཞིའི་ཐོག་སུའི་ཕན་ནུས་ཐོན་ཐབས་ཀྱི་གསར་གཏོད་དང་ལེགས་བཅོས་ཀྱི་དོན་ཚན་དང་རེའུ་མིག་དངོས་སུ་བཀོད་དེ་། དབང་ཚད་ཀྱི་གོ་རིམ་ནང་ལེགས་བསྒྱུར་སུའི་འཇོན་ན། དེ་དག་གི་བློ་གྲོས་དང་ཐབས་ཇུས་ཕྱོགས་གཅིག་ཏུ་སྤུངས་ཕྱིར་ཡིན།
    དགུ་པ། གངས་ཅན་པ་ནི་བདེན་པར་དུང་བའི་མཐོ་སྒང་མི་རིགས་ཀྱི་རྒྱུད་འཛིན་པ་ཡིན་ལ། གངས་ཅན་པ་ནི་དྲང་པོའི་ཐབས་ལམ་ཁོ་ནར་བརྟེན་ནས་མཐར་ཐུགས་ཀྱི་རྒྱལ་ཁར་ཕྱོགས་བསམ་པའི་ཁ་བའི་ལྗོངས་ཀྱི་ཕུག་བསམ་ཅན་གྱི་མི་རིགས་ཤིག་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་དུ་སོ་སོས་རང་རིགས་ལ་སྤོབས་པ་སྦྱིན་དགོས་ལ། ང་ཚོས་དུས་དང་རྣམ་པ་ཀུན་དུ་བརྩོན་འགྲུས་དང་འཚོལ་བསྙེགས་ཀྱི་ཁ་བསྲབ་ལྷོད་མི་ཉེན། ང་ཚོས་ངེས་པར་དུ་རང་མགོ་རང་གིས་རྡུང་ཞིང་རང་རིགས་རང་གིས་ཕུང་བྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་རུལ་སུངས་ཀྱི་ངན་སྤྱོད་མཐའ་དག་དོར་གང་ཐུབ་བྱེད་དགོས། ལེགས་པའི་ཆ་ཕྲ་མོ་ཙམ་ཡིན་ནའང་ཅི་ཡང་འབད་ཅིང་གང་ཡང་འཇོན་ནུས་ཐོན་ཕྱིར་བོད་ས་མི་མགོ་ནག་ཡོངས་ཀྱིས་ཧུར་བསྐྱེད་དགོས་པའི་བསྐུལ་འདེད་ཀྱང་ཡིན་།
    བཅུ་པ། གོང་གསལ་དོན་ཚན་ཁག་ནི་བོད་མི་ཞིག་ཡིན་པའི་ངོས་ནས་རང་དབང་དང་དམངས་གཙོའི་ལུགས་མཐུན་གྱི་གོ་དབང་ལ་བརྩོན་ལེན་བྱ་བའི་སྔོན་འགྲོའི་བྱ་བ་ཙམ་ཡིན་ནའང༌། ད་དུང་ཡང་དེར་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་མདོག་མདོག་གིས་ཅོལ་ཆུང་ཚོའི་ཧ་ལས་ལས་དང་ཧོན་ཐོར་ཐོར་ལ་ལན་འདེབས་ཙམ་ཡང་ཡིན། གཞན་མ་འོངས་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་ཆེན་ལེགས་འགྲུབ་ཡོང་ཕྱིར་བཀའ་ཁྲིའི་འོས་འགན་དང་ཐད་ཀར་འབྲེལ་བའི་རང་རིགས་ཀྱི་ཆོས་སྲིད་ཕྱོགས་གཉིས་ལེགས་བསྒྱུར་ཡོང་ཐབས་དང་བོད་དོན་བདེན་མཐའ་གསལ་ཕྱིར་སྲིད་ཇུས་ཀྱི་དོན་གནད་འགའ་གཞན་རྩོམ་གྱི་ཐོག་ནས་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན།
    2010ལོའི་ཟླ་3ཚེས6ཉིན་སྤེལ།

  • 9 མཆན་བུ་།

    • By གངས་སྐྱིད།, སྤྱི་ཟླ་གསུམ་པ། 6, 2010 @ 7:19 pm

      གངས་ལྷ་མོས། སུན་ཙེན་དམག་དོན་བསྟན་བཅོས་སུ་གསལ་བའི་༼ཚེར་སྤུངས་ལ་བསྐོར་ནས་རི་བོང་ལ་འཇབ་རྡོ་རྒྱག་༽ཅེས་པ་དེ་གནང་དགོས་་དགོངས་པ་མ་རེད་དམ། བཀའ་ཁྲི་ལ་ལངས་ནས་སྤྱི་འཐུས་སུ་ཕེབས་དགོས་དགོངས་པ་མིན་འགྲོ།

    • By ཀརྨ་རྡོ་རྗེ་, སྤྱི་ཟླ་གསུམ་པ། 7, 2010 @ 1:16 pm

      ལྔ་པ། ཡུལ་གྱར་དུ་འབྱོར་བའི་རང་རིགས་སྤུན་ཟླ་མང་ཆེར་ནི་་་་་་་་ བཙན་བྱོལ་བོད་གཞུང་དེ་ཡུལ་གྱར་བོད་གལུང་མ་བཟོ་རོགས་གནང་། ཐུགས་རྗེ་གཟིགས།

    • By ཀརྨ་རྡོ་རྗེ་, སྤྱི་ཟླ་གསུམ་པ། 7, 2010 @ 1:17 pm

      ་་་་ལྔ་པ། ཡུལ་གྱར་དུ་འབྱོར་བའི་རང་རིགས་སྤུན་ཟླ་མང་ཆེར་ནི་་་་་་་་ བཙན་བྱོལ་བོད་གཞུང་དེ་ཡུལ་གྱར་བོད་གཞུང་མ་བཟོ་རོགས་གནང་། ཐུགས་རྗེ་གཟིགས།

    • By གཞོན་ནུ་ཟླ་མེད, སྤྱི་ཟླ་གསུམ་པ། 8, 2010 @ 6:43 pm

      ཡ་ཡ་ཞེ་གི་ཧྲ་གི བྱི་མོ་ཟིག་ཀ་འདི་འདྲའི་སེམས་ཤུགས་ཅིག་དང་སྤོབས་པ་ཟིག་ཡོད་ནོ་ངོ་ནས་དགའ་སྤོབས་བྱེད་འོས་སུ་མཐོང་། ད་རུང་རང་ཚོད་ཀྱིས་སྤྱི་ཚོགས་ལ་ཞིབ་འཇུག་དང་། རྒྱུས་ལོན་ཡང་མང་པོ་བྱས་འདུག གཏམ་བཤད་ཀྱི་སྤོབས་པ་དང་ཁ་ལྕེ་ཀྱང་ཡོད་ས་རེད། ད་རུང་ཡག་མ་ཟིག་ར་ཡོད་ཀི ངས་ནི་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་བྱེད་ཀྱི་ཡིན། འོན་ཀྱང་ངོས་ལེན་བྱེད་མི་ཐུབ་པ་ཡང་འདུག སྐུ་དྲག་ཚོ་དང་། རྙིང་ཞེན་ཚོ་ལ་སྡིག་དམོད་བྱེད་པ་འདི་བཀའ་ཁྲིའི་འོས་འགན་མིན་པས་ངོས་ལེན་མེད། གང་ཡིན་ཟེར་ན་བཀའ་ཁྲི་ནི་བོད་སྤྱི་བའི་མི་རེད། དེ་ལ་རྙིང་ཞེན་ཡིན་མིན་ལ་མ་ལྟོས་པར་། གསར་ཞེན་རྙིང་ཞེན་གཉིས་ཀ་ཐོབ་ཐང་ཡོད་པ་རེད། དེ་བཞིན་དུ་སྐུ་དྲག་ལ་གཉའ་གནོན་བྱེད་པ་འདི་ཡང་ཡག་པོ་ཅིག་མིན། སྐུ་དྲག་གིས་སྐུ་དྲག་མིན་པ་ལ་གཉའ་མནོན་བྱེད་མི་ཆོག་ན་སྐུ་དྲག་མིན་པས་སྐུ་དྲག་ཚོར་ཅིའི་ཕྱིར་གཉའ་མནོན་བྱེད་ཆོག དེང་སང་སྐུ་དྲག་ཚོས་སུ་ལ་མནོན་གི་འདུག ཚིག་འདི་ཚོ་ཚང་མ་རིག་གནས་གསར་བརྗེའི་སྐབས་ཀྱི་བརྗོད་ཚིག་རྐྱང་རེད་། དེང་སང་བེད་སྤྱོད་ཡོད་པ་མ་རེད། དེ་མིན་བྱི་མོ་སྙིང་རྗེ་བོ་ཁྱོད་ལ་རྒྱབ་སྐྱོར་ཡོད་ད།

    • By chime in italy, སྤྱི་ཟླ་གསུམ་པ། 11, 2010 @ 11:17 am

      she is very good.

    • By chime in italy, སྤྱི་ཟླ་གསུམ་པ། 11, 2010 @ 11:21 am

      she is very good, but. i never support her president of tibet.

    • By ཀརྨ་རྡོ་རྗེ་, སྤྱི་ཟླ་གསུམ་པ། 11, 2010 @ 3:45 pm

      ཁྱེད་རང་གི་སྐྱེས་གཟུགས་མཛེས་པོ་ཡོད་པ་ནང་བཞིན་བོད་ཀྱི་སྲིད་དོན་གྱི་གདིངས་ཆའི་སྒང་ལ་སྲིད་དོན་ཡག་པོ་འཁྲབ་ཐུབ་པའི་སྨོན་འདུན་ཡོད་།

    • By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 12, 2010 @ 4:13 am

      གངས་ལྷ་མོ་ལགས་ཀྱིས་འདི་འདྲ་གནང་བ་ནི་བོད་ཀྱི་བུད་མེད་རྣམས་ཀྱི་མགོ་བོ་ཁྱོགས་ཞེས་པའི་འབོད་བརྡ་ཡིན་པ་འདྲ། གལ་སྲིད་བུད་མེད་ཚོགས་པས་ཁོང་མོར་རྒྱབ་སྐྱོར་བྱས་པ་ཡིན་ན། བཀའ་ཁྲིའི་འོས་གཞིའི་མཐའ་མའི་རྟིང་རྩོད་དུ་ཞུགས་ཐུབ་ངེས་རེད། དེ་ཡིན་དུས་གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ཀྱང་བཙན་བྱོལ་ཁྲོད་ནའང་དེ་འདྲའི་བུད་མེད་རླབས་ཆེན་ཞིག་འདུག་ཨང་སྙམ་པའི་དགའ་ཚོར་ཞིག་ཡོང་གི་རེད། ངས་བལྟས་ན་ད་རེར་གངས་ལྷ་མོར་ང་ཚོས་ངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་དགོས་པ་རེད། ཁོང་མོ་ལ་ཁྱད་ཆོས་ཤིག་ཡོད་པ་ནི། ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་མེད་པར་བོད་སྤྱི་བའི་རྩ་དོན་ཐུགས་ལ་བདོག་པའི་རྒྱལ་གཅེས་དཔའ་མོ་ཞིག་ཡིན་པ་དང་། དེའི་ཉེར་ལེན་ལ་བརྟེན་ནས་བོད་ནང་ནས་ཀྱང་དགྱ་མིའི་བཙོན་དུ་ཚུད་མྱོང་། རྗེས་སུ་བཙན་བྱོལ་དུ་འབྱོར་བ་ནས་དཀའ་སྡུག་གང་ལ་ཐུག་ནའང་དཔའ་ཞུམ་མ་མྱོང་བ་ཞིག་དང་།་དེའི་ཁར་བཤད་པོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན། ད་དུང་ཁོང་ལ་དགྱ་ཡིག་དང་བོད་ཡིག་གི་ཆུ་ཚད་རང་སྐྱ་འཕེར་བ་ཡོད་པ་མ་ཟད། ཁོང་གི་ངོས་ནས་བོད་ཡིག་གི་དེབ་གཉིས་དང་དགྱ་ཡིག་གི་དཔྱད་རྩོམ་དེབ་ཅིག་བཅས་བཏོན་མྱོང་། ཁོང་མོར་རྒྱབ་སྐྱོར་བྱས་པ་ཡིན་ཚེ། ངེས་པར་དུ་བཀའ་ཁྲིའི་རྐུབ་སྟེགས་རེག་ཆེད་མིན་ནའང་། རང་རེའི་སྤྱི་ཚོགས་ནང་ལ་མི་སྣ་གལ་ཆེན་ཞིག་གསོ་སྐྱོང་གནང་བ་ཡིན། ཁོང་མོའི་སེམས་ཤུགས་ལ་ཡིད་ཆེས་བྱེད་ཆོག

    • By བདེན་པ་ཁ།, སྤྱི་ཟླ་གསུམ་པ། 14, 2010 @ 4:13 pm

      ལྷ་ཆབ་ལགས། གངས་ལྷ་མོ་ལ་ཆ་རྒྱུས་མེད་ན་འདི་འདྲའི་ཆེ་བསྟོད་མ་བྱེད་ལགས། གངས་ལྷ་མོ་འདི་ཁ་ནས་རྒྱལ་ཁབ་དང་མི་རིགས་ཟེར་ཞོར་ཆོལ་ཁའི་ཞེན་ཁོག་ཁོ་ན་སེམས་ལ་བཅིངས་ཏེ་ཆོལ་ཁོང་གཞན་གྱི་མི་ལ་བདུད་དུ་བལྟ་མཁན་ཞིག་ཡིན། ད་དུང་མོ་ལ་རྒྱ་ཡིག་གི་ཤེས་ཚད་ཡག་པོ་ཡོད་ན་གང་ཤེས་མ་གཏོགས་བོད་ཡིགགི་ཤེས་ཚད་ཧ་ཅང་སྐྱོ་བ་མི་ཕལ་ཆེ་བས་ཤེས་ཡོད་ལ། མོའི་རྩོམ་ཐུང་འདིའི་ཐོག་ནས་ཁ་གསལ་བོར་གྲགས་འདུག མདོ་དོན ཁོ་མོའི་སེམས་ཤུགས་ལ་ཡིད་ཆེས་བྱེད་མི་རུང་ལ། རང་རེའི་སྤྱི་ཚོགས་ནང་མི་སྣ་འདི་འདྲ་གསོ་སྐྱོང་བྱས་ཚེ་ཕན་པ་ལས་གནོད་པ་ཆེ་བ་ཤེས་དགོས་ཞེས་གསལ་འདེབས་བྱས་པ་ཙམ་མོ།

    Other Links to this Post

    RSS feed for comments on this post. TrackBack URI

    མཆན་ཞོག

    WordPress Themes