བོད་རིགས་བུད་མེད་ཅིག་ཞུ་གཏུག་སྐབས་བཙོན་དུ་བཙན་གཡེམ་བྱས་བ།

1-201003071315ch

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། མདོ་སྨད་རེབ་གོང་ཐོ་རྒྱ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༥༦ ཅན་གྱི་བོད་རིགས་བུད་མེད་ཞིན་ཆོན་མེ་ཟེར་བ་ཞིག་གིས། བུད་མེད་ཀྱི་མི་གཤིས་ལ་ཆ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་། རང་དབང་འདྲ་མཉམ་དགོས་པའི་སྐོར་གྱི་ངོ་རྒོལ་ཞུ་གཏུགས་ཤིག་བྱས་འདུག ཁོང་མོའི་འདི་ལྟར་ངོ་རྒོལ་བྱེད་དགོས་པའི་སྐོར་པའོ་ཞོན་གསར་ཁང་གི་གསར་འགོད་པར་བརྗོད་དོན། བུད་མེད་ཀྱི་མི་གཤིས་ལ་བརྩི་མཐོང་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་འདྲ་མཉམ་བཅས་ཡོང་ཆེད་ངས་རྒྱལ་ཡོངས་འཐུས་མི་རྣམས་ལ་རེ་སྐུལ་ཞུ་གི་ཡོད། རྒྱུ་མཚན་ནི། ང་ཚོའི་ས་གནས་དམར་ཤོག་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ང་ལ་མནར་གཅོད་ཚད་མེད་བཏང་སོང་། ངས་ཁོ་ཚོའི་བཤུ་གཞོག་ངན་གཡོ་རྣམས་གཏུགས་བཤེར་བྱས་པས་རྐྱེན་གྱིས། ཁོང་ཚོས་གནས་ཚུལ་རྒྱ་ཁྱབ་དུ་འགྲོ་བར་དོགས་ནས་ང་ལ་མནར་གཅོད་བཏང་སྟེ་འཆི་ལམ་དུ་བཙན་འདེད་བྱས་པ་རེད། ཕྱི་ལོ་ ༢༠༠༣ ཟླ་ ༡༢ པའི་ཚེས་ ༢ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཉེན་རྟོག་བཀག་ཉར་ཁང་དུ་དམག་མི་བདུན་གྱིས་བསྟུན་མར་ཉིན་བདུན་གྱི་རིང་ལ་ང་ལ་བཙན་གཡེམ་དང་མཐོང་ཆུང་དམའ་འབེབས་བྱས་ཏེ། ཉིན་ཞག་བདུན་གྱི་རིང་ལ་ང་རང་མནར་སྡུག་དང་ངུ་ངག་ཁོ་ནའི་ཁྲོད་དུས་ཚོད་བསྐྱལ་དུ་བཅུག་པ་རེད། ད་ལྟ་ངས་རང་ཉིད་ཀྱི་བཟོད་གླགས་བྲལ་བའི་མནར་གཅོད་ཀྱི་མིག་ཆུ་འདི་དབུས་དམར་ཤོག་སྲིད་གཞུང་དང་ཞིན་ཆེན་རིམ་པའི་མགོ་ཁྲིད་དག་ལ་ཞུ་གཏུགས་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག
ཁོ་མོས་མུ་མཐུད་དུ་བརྗོད་དོན། ང་ཚོ་བུད་མེད་ཚོའི་རང་བཀུར་བརྩི་མཐོང་དང་ལ་རྒྱ། རང་དབང་བཅས་ལ། ད་ལྟའི་དུས་རབས་གསར་བའི་སྤྱི་ཚོགས་འདིའི་ནང་འདི་འདྲའི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱི་སྲིད་ཇུས་ཤིག་མྱོང་དགོས་པ་ཅི་ཡིན་ནམ། ང་ཚོར་བཟོད་ཐབས་བྲལ་བའི་བརྙས་བཅོས་མྱོང་སུ་བཅུག་སྟེ་རང་ཤི་བརྒྱག་དགོས་པའི་ལམ་དུ་འདེད་དོན་ཅི་ཡིན་ནམ། ངས་རྒྱལ་ཡོངས་འཐུས་མི་དང་ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་དགོས་པ་དང་། ང་ཚོ་བུད་མེད་ཀྱི་རང་བཀུར་བརྩི་མཐོང་གི་ཆེད་དུ་སྐད་ཆ་བཤད་དགོས། འདི་ནི་ང་རང་གཅིག་པུའི་དོན་མ་ཡིན་པར་རྒྱལ་ཡོངས་མི་དམངས་དང་རྒྱལ་ཡོངས་བུད་མེད་ཡོངས་ཀྱི་ངོ་ཚ་ཞིག་དང་། རྒྱལ་ཁབ་ཀྱི་ངོ་ཚ་ཞིག་ཀྱང་ཡིན་པས། ང་ལ་ཁྲིམས་བཤེར་དག་འབུལ་དང་རྒྱུ་འབྲས་དྲང་སྙོམས་ཡོང་བ་བྱ་དགོས། དེར་མ་ཟད། རྒྱལ་ཡོངས་འཐུས་མི་རྣམ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དབུས་རྩ་འཛུགས་ལྷན་ཁང་། དབུས་ཁྲིམས་སྲིད་ལྷན་ཁང་གཙོས་པའི། དྲང་བདེན་དང་བརྩེ་སེམས་ཅན་གྱི་འཛམ་གླིང་གི་མི་དམངས་དང་གསར་ལམ་ཁག་གིས་འདི་ལྟར་དམངས་ལ་བཤུ་གཞོག་དང་མནར་གཅོད། ནག་ཉེས་ཀྱི་ལྐོག་ལས་སྒྲུབ་བཞིན་པའི་རྩ་འཛུགས་དང་དཔོན་རིགས་རྣམས་ལ་ཐེར་འདོན་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ཁོ་མོར་ཉེས་མེད་ཁྲིམས་འཇུག་དང་བཙན་གཡེམ་ནར་གཅོད་ཕོག་དོན་ནི། ཁོ་མོས་ཁྲིམས་ལུགས་གཞིར་བཟུང་ཐོག་སྡེ་དམངས་ལྷན་ཁང་དང་ས་གནས་གྲོང་རྡལ། རྫོང་། ཁུལ་རིམ་པ་བཅས་ཀྱི་སྲིད་གཞུང་ལ་རེབ་གོང་ཐུན་རིན་རྫོང་ཧ་ཡང་བཟོ་གྲྭས་དུག་རླངས་ཐལ་རྡུལ་གྱིས་ས་གནས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ས་དང་རྩྭ་ར་བཅས་ལ་གནོད་སྐྱོན་ཚབས་ཆེན་ཕོགས་ཏེ། ཤིང་ཏོག་དང་འབྲི་རིགས་ཡོད་ཚད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། ནོར་ལུག་གིས་དུག་རླངས་ཐལ་རྡུལ་ཕོག་པའི་རྩྭ་ཟོས་རྗེས་ཕྱུག་ཟོག་གི་སོ་ལྷུང་བ། ཆུ་ནང་གི་ཉ་རིགས་ཡོད་ཚད་ཤི་བ་བཅས་ས་གནས་མང་ཚོགས་ཀྱི་དཀའ་ངལ་གོང་རིམ་ལ་ཞུ་གཏུགས་བྱས་ཏེ། གོང་རིམ་ནས་འཚོ་སྣོན་ཀུན་གསབ་རྒྱ་སྒོར་ཁྲི་བཅུ་གྲངས་འགའ་སྤྲད་པ་དེ་ས་གནས་དཔོན་རིགས་ཚོས་ལྐོག་ཧམ་འཕྲོག་བྱས་པར་ཐེར་འདོན་གྱི་ཞུ་གཏུགས་བྱས་པར་བརྟེན། ཐེངས་གཉིས་ལ་བཙོན་འཇུག་བྱས་ཏེ། གཅར་རྡུང་མནར་གཅོད་དང་བརྙས་བཅོས་བཙན་གཡེམ་ཕོག་ཡོད་པ་མ་ཟད། བཙན་གྱིས་སྨྱོ་ནད་གསོ་བཅོས་སྨན་ཁང་དུ་བསྐྱལ་ཏེ་བློ་ཡིད་ལས་འདས་པའི་འཇིགས་ར་སྣ་ཚོགས་སྐུལ་ཡོད་པ་རེད།
༼བོད་ཀྱི་དུས་བབ།༽

6 མཆན་བུ་།

  • By ཀརྨ་རྡོ་རྗེ་, སྤྱི་ཟླ་གསུམ་པ། 9, 2010 @ 4:28 pm

    རྒྱ་རིགས་དང་བོད་རིགས་མི་མང་ཚོས། སྲིད་གཞུང་གི་ཁྲིམས་ལུགས་དང་། གཤམ་གྱི་ལས་བྱེད་མ་རབ་དེ་ཚོའི་བར་ལ། བར་སྟོང་ཅིག་ཡོད་རེད། དེ་འགེངས་མ་ཐུབ་ན། དཀའ་ངལ་འདིའི་རིགས་སེལ་མི་ཐུབ།

  • By ལྷ་ཆབ་སྦྱིན་པ།, སྤྱི་ཟླ་གསུམ་པ། 11, 2010 @ 10:31 pm

    རླབས་ཆེན་གྱི་བུད་མེད་ཁོང་མོར་གདུང་སེམས་མཉམ་སྐྱེད་ཡོད།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་གསུམ་པ། 12, 2010 @ 4:56 am

    རྒྱ་མཇེ་དཀར་བོ་དུང་རེད།།
    ཁོག་ལ་སོང་ན་དུག་རེད།།
    ཟེར་ནི་རེད། ད་ཡིན་ན་མོ་རང་གི་ཁོག་ལ་ཡང་དུག་དེ་བཏང་འདུག་ཀ སྔོན་མ་ངའི་རོགས་པ་ཕོ་སར་གཅིག་གཉིས་ཅིག་རྒྱ་གར་ནས་བོད་ལ་འགྲོ་སྐབས་འགྲམ་ནས་དམག་གིས་བཟུང་ནས། དེ་ཚོ་སྐུབ་ལ་ཡང་བཙན་གཡེམ་བྱས་འདུག དེར་མ་ཟད་ང་ལ་རོགས་པ་གཞན་ཞིག་ཡོད། ཁོང་སྔོན་མ་རྒྱ་ནག་གི་དམག་མི་རེད། ཁོང་རྒྱ་དང་ཝེ་ཏི་ནམ་དམག་འཁྲུག་ནང་དུ་ཞུགས་མྱོང་ཡོད་པ་རེད། དམག་འཁྲུག་སྐབས་སུ་བཙན་གཡེམ་ག་ཚོད་བཏང་བཏང་རེད་ཟེར། འཚམ་འཚམ་ལ་ཁྱོ་ཀ་ཁྲུས་ལ་ཉལ་བསྡད་པའི་སྐྱེས་སྨན་ལ་ཡང་བཙན་གཡེམ་བྱེད་དགོས་པ་རེད་ཟེར། དམག་མའི་སྒྲིག་ཁྲིམས་ལ་བཙན་གཡེམ་བྱེད་དགོས་ཅེས་འཁོད་ཡོད་མེད་མ་ཤེས།།

  • By གཞོན་ནུ་ཟླ་མེད, སྤྱི་ཟླ་གསུམ་པ། 13, 2010 @ 9:29 pm

    འོ་ཀུན་ཁྲན་གྱི་དམག་མི་ལ་སྒྲིགས་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་ཟེར་བ་ཅིག་ཡོད་ནི་རེད་ཟེར། དེའི་ནང་ན་གསུམ་པ་བུད་མེད་ཚོ་ལ་བརྙས་བཅོས་བྱེད་རྐྱང་བྱོས། ཟེར་བ་ཅིག་ཡོད་ས་རེད།

  • By norbu, སྤྱི་ཟླ་གསུམ་པ། 15, 2010 @ 3:52 am

    དངོས་གནས་་སེམས་སྐྱོ་ནི་ཞིག་རེད། ང་ཚོས་མོ་ལ་གདུང་སེམས་མཉམ་བསྐྱེད་ངེས་པར་བྱེད་དགོས།

  • By བོད། ཤ་ཁྲག་རུས་གསུམ།, སྤྱི་ཟླ་གསུམ་པ། 15, 2010 @ 2:26 pm

    རྒྱང་རིང་ས་ཞིག་ནས། གཏམ་སྐྱོ་བོ་འདི་འདྲ་དག་ཉན་ནས་སེམས་པ་རེ་སྐྱོ་ནས་བསྡོད་པ་ལས། ང་ཚོས་གང་ཞིག་བྱེད་ཐུབ་ཀྱི་ཡོད་པ་རེད་དམ།

Other Links to this Post

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes