མཚོ་སྔོན་སྐུ་འབུམ་དགོན་པའི་གྲྭ་བ་ཞིག་འཛིན་བཟུང་བྱས་པ།

ཟླ་6འདིའི་ཚེས་བཅུའི་དགོང་མོའི་ཆུ་ཚོད་དགུ་བའི་སྔ་གཞུག་ཏུ་རྒྱ་ནག་བདེ་འཇགས་མི་སྣ་དང་ཉེན་རྟོག་མི་སྣ་བཅུ་ལྷག་སྐུ་འབུམ་དགོན་པའི་གྲྭ་བ་ཡོན་ཏན་རྒྱལ་མཚན་གྱི་ཤག་ཏུ་ཡོང་ནས་ཁོ་རང་ལ་གསལ་བཤད་ཅི་ཡང་མེད་པའི་སྒོ་ནས་འཇུ་བཟུང་བྱས་པ་རེད། འཇུ་བཟུང་བྱས་ཏེ་ཉིན་གྲངས་བཅུ་ལྷག་ཕྱིན་པའི་ཡོན་ཏན་རྒྱལ་མཚན་ཁོ་རང་ད་ལྟ་གར་ཡོད་ཀྱི་གནས་ཚུལ་ཤེས་ཀྱི་མེད་པ་མ་ཟད། འཇུ་བཟུང་བྱེད་དོན་གང་ཡིན་སོགས་ཕྱི་རོལ་ཏུ་གསལ་བསྒྲགས་གང་ཡང་ཐོན་ཡོད་མ་རེད། ཡོན་ཏན་རྒྱལ་མཚན་ལགས་ནི་སྐུ་འབུམ་དགོན་པའི་སྤྱི་གཉེར་ལས་སྣེ་སོགས་ཀྱི་འགན་ཅི་ཡང་ཁུར་མེད་པའི་གྲྭ་བ་དཀྱུས་མ་ཞིག་ཡིན་ནའང་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་ཆུ་ཚད་མཐོན་པོ་ཡོད་པ་མ་ཟད་རྒྱ་ཡིག་གི་སྦྱངས་འབྲས་འབུར་ཐོན་ཡོད་པས་རྒྱ་བོད་ཡིག་བསྒྱུར་དང་ལོ་ཙཱ་བྱེད་པར་ཚགས་མེད་པ་ཞིག་ཡིན་འདུག
ད་རེ་འཇུ་བཟུང་བྱེད་དོན་ནི་རྒྱ་ནག་གིས་གསང་རྒྱ་བྱས་ཏེ་གནས་ཚུལ་ཅི་ཡང་བསྒྲགས་མི་འདུག
འོན་ཀྱང་དགོན་པའི་ཕྱི་ནང་དུ་མི་མང་གིས་དོགས་པ་བྱེད་ཡུལ་གྱི་གནས་ཚུལ་འདྲ་མིན་སྣ་ཚོགས་གླེང་གིན་ཡོད་ཀྱང་གཙོ་བོ་དེ་
༡་ད་ལོ་ཡུལ་ཤུལ་ས་ཡོམ་བྱུང་རྗེས་སུ་རྒྱལ་ཁབ་དང་མི་དམངས་ཀྱི་རོགས་དངུལ་ཡུལ་ཤུལ་མང་ཚོགས་ཀྱི་ལག་ཏུ་བབས་མེད་པའི་སྐོར་གྱི་ཡིག་ཆ་ཞིག་གོང་རིམ་ལ་བསྐུར་ཡོད་པར་ཁོ་ལ་དོགས་པ་བྱས་ཏེ་བཟུང་བ་རེད་ཞེས་དང༌།
༢་པན་ཆེན་ཡང་སྤྲུལ་དེ་ཡུལ་ཤུལ་ས་ཡོམ་བྱུང་སར་ཕེབས་ཏེ་ཕྱིར་ལོག་ཁར་སྐུ་འབུམ་དགོན་པར་ཕེབས་ཡོད་པ་དང་པན་ཆེན་ཡང་སྤྲུལ་མ་ཕེབས་པའི་སྔ་དགོང་དགོན་པའི་གླིང་བར་ཡོངས་སུ་ཡིག་ཆ་མང་པོ་དཔར་བཀྲམས་བྱས་ཡོད་པ་དང༌།
༣་ སྐུ་འབུམ་ཁོར་ཡུག་གི་ཞིང་གྲོང་ཡོད་ཚད་དུ་ཨར་འདམ་དང་ཧ་ཡང་བཟོ་གྲྭ་ལ་སོགས་བཟོ་གྲྭ་མང་པོ་བཙུགས་ཏེ་ཁོར་ཡུག་ཞིང་གྲོང་གི་མི་ཟོག་ཡོངས་ལ་ནད་ཡམས་འདྲ་མིན་བྱུང་དང་འབྱུང་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་མང་པོར་བཅར་འདྲི་ཟིན་བྲིས་མང་པོ་ཡོད་ཚུལ།
༤་ ཡུལ་ཤུལ་ས་ཡོམ་བྱུང་རྗེས་དགོན་པའི་དོ་དམ་ཁང་གི་འགན་ཁུར་མཁན་གྱི་མི་སྣ་དག་ནང་ལོགས་སུ་ཡུལ་སྐོར་སྤྲོ་གསེང་ལ་ཕེབས་ཏེ་ས་ཡོམ་བྱུང་སར་གྲྭ་བ་གཅིག་ཀྱང་མངགས་མེད་པར་འཁང་ར་བྱས་ཏེ་རྒྱ་ནག་གི་དྲ་བ་ཞིག་གི་སྟེང་དུ་སྐུ་འབུམ་དོ་དམ་པ་ཚོ་ཡུལ་སྐོར་སྤྲོ་གསེང་ལ་སོང་དེ་ཕྱིར་ཡོང་མེད་པ་ཞེས་པའི་ཟིན་ཐོ་ཞིག་སྤེལ་ཡོད་པ་དང་དེའི་འགབ་ཏུ་དཔྱད་གཏམ་འདྲ་མིན་བརྒྱ་ཕྲག་ལྷག་གིས་འགོ་ཁྲིད་ཚོའི་འཇིག་རྟེན་མི་ཆོས་ལས་བརྒལ་བའི་ནག་ཉེས་ཐར་འདོན་དང་གདོང་འབག་དམར་བཤུ་བྱས་ཡོད་པར་འབྲེལ་བ་ཡོད་ཚུལ་སོགས་འདྲ་མིན་གླེང་གིན་འདུག
༼ཡོང་ཁུངས།འོད་དཀར་དྲ་ཚིགས།༽

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes