བཙན་བྱོལ་ཤེས་ལྡན་པ་ཚོས་གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས་ཐད་བགྲོ་གླེང་གནང་།


འོད་དཀར་དྲ་ཚིགས་ངོས་ནས་ཕྱི་ཟླ་ ༧པའི་ཚེས་ ༡༧གྱི་ཉིན་གུང་ཆུ་ཚོད་ ༡།༣༠སྟེང་བཞུགས་སྒར་ངྷ་རམ་ས་ལ་ཁུལ་ལོ་པུ་(CLUB HOUSE )ཚོགས་ཁང་དུ་ བཙན་བྱོལ་བོད་མི་ཤེས་ལྡན་པ་གང་མང་ཞིག་གི་འདུ་འཛོམས་ཐོག་《གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས》ཅེས་པའི་བརྗོད་གཞིའི་ཐོག་གཏམ་གླེང་ཞིག་འགོ་འཛུགས་བྱས་ཡོད་པ་དང༌། ཚོགས་འདུ་དེར་བཙན་བྱོལ་ཁྲོད་ཀྱི་ལས་གནས་འདྲ་མིན་སྟེང་གི་མི་སྣ་དང་གསར་འགོད་པ། གཞན་ཟུར་ཉན་པ་བཅས་མི་མང་པོ་མཉམ་ཞུགས་བྱས་འདུག ཐེངས་འདིའི་ཚོགས་འདུ་གཏམ་གླེང་དེའི་རྣམ་པ་མ་འདྲ་བ་ཞིག་ནི་གདན་ཞུ་བགྲོ་གླེང་པ་རེ་ཟུང་ཟུར་འཇོག་མི་བྱེད་པར་དེར་ཡོད་ཀྱི་སྐུ་མགྲོན་ཚང་མར་གོང་གསལ་བརྗོད་གཞིའི་ཐོག་རང་མོས་གཏམ་གླེང་བྱ་རྒྱུའི་གོ་སྐབས་སྤྲད་ཡོད།
ངེད་དྲ་ཚིགས་ཀྱི་འགན་འཛིན་ཤིང་བཟའ་རིན་པོ་ཆེ་ཡིས་བགྲོ་གླེང་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་གསུང་དོན།
དེང་སྐབས་བོད་ནང་གི་རྩོམ་པ་པོ་ཞོགས་དུང་གཙོས་པའི་རྩོམ་པ་པོ་མང་པོ་ཞིག་འཇུ་འགྲོ་ཡི་ཡོད་རེད། ཉེ་ཆར་རྩོམ་པ་པོ་གཉན་འཇུས་འདུག ང་ཚོས་ནམ་རྒྱུན་ཁ་རྒྱག་པ་འདྲ་བཤད་ནས་འདི་འདྲ་བྱེད་དགོས་ཀྱི་འདུག་ཅེས་མང་པོ་བཤད་ཀྱི་ཡོད་རེད། ཡིན་ནའང་བོད་ནས་ལག་ལེན་བསྟར་ཡོང་དུས་ཚེ་སྲོག་ལ་ཐུག་བསྡད་པ་ཞིག་ཆགས་ཀྱི་འདུག ཁོ་རང་ཚོས་ཚེ་སྲོག་ལ་མ་འཛེམས་པའི་སྒོ་ནས་ཕྱག་ལས་གནང་ཡོང་དུས་ང་ཚོ་བཙན་བྱོལ་ནང་ནས་ཁོ་ཚོ་ལ་རྒྱབ་སྐྱོར་ག་འདྲ་བྱེད་དགོས་འདུག་ཟེར་དུས། ཏོག་ཙམ་ཁག་པོ་མིན་འགྲོ་དྲན་གྱི་འདུག ལྷག་པར་དུ་བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་དང་《ལག་རྩལ》་རྩོམ་པ་པོ་སྙན་ངག་པ་གཉན་སོགས་འཇུས་པའི་རྗེས་སུ་ང་རང་སྒེར་གྱི་ངོས་ནས་ང་ཚོའི་དྲ་རྒྱ་དང་འབྲེལ་བའི་སྒོ་ནས་བོད་ནང་འབྲེལ་བ་ཏོག་ཙམ་ཡོད་དུས། མང་པོ་ཞིག་གིས་ཐུགས་ཕམ་གནང་གི་འདུག ང་ཚོས་བོད་ནང་དུ་ལས་དོན་ག་འདྲ་ཞིག་བྱེད་ཀྱི་ཡོད་རེད་དེ། ཁྱོད་རང་ཚོ་ཕྱི་ཕྱོགས་སུ་གོ་རྒྱུ་ཚོར་རྒྱུ་མི་འདུག ག་རེ་བྱེད་ཀྱི་ཡོད་རེད་ཅེས་བོད་ནང་གི་ཤེས་ལྡན་མི་སྣ་ཚོར་བསམ་ཚུལ་ཞིག་སླེབས་ཡོང་དུས་ང་རང་གི་སེམས་ནང་དུ་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཀྱི་འདུག ང་ཚོ་གཞིས་བྱེས་གཉིས་ཀྱི་བར་ཐག་ཆེན་པོ་ཞིག་ཏུ་འགྱུར་འགྲོ་གི་མེད་འགྲོ་བསམ་པའི་སེམས་ཁྲལ་ཞི ག་ཀྱང་ཡོང་གི་འདུག དེར་བརྟེན་གཞིས་བྱེས་གཉིས་ཀྱི་བར་ཐག་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པ་དེ་རེད།
ང་ཚོ་བཙན་བྱོལ་ནང་དུ་བོད་གཞུང་གིས་དབུ་ཁྲིད་པའི་མི་འབོར་གང་འཚམ་ཡོད་པ་རྣམས་ཀྱིས་དེ་ཚོའི་ཆེད་དུ་གནང་དགོས་པ་མང་པོ་ཞིག་གནང་གི་ཡོད་དམ་མེད། གནང་ཐབས་ཡོད་དམ་མེད། དེའི་སྒང་ལ་ཤེས་ཡོན་པ་ཚོ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་རེད་བསམ་གྱི་འདུག ལྷག་པར་དུ་བོད་ནང་ལ་རྩོམ་ཡིག་ཚིག་རྐང་ཁ་ཤས་ཤིག་འབྲི་མི་ཆོག་པའི་གནད་འགག་ ཅིག་ཆགས་ནས། བར་སྐབས་ཤིག་ནས་སྙན་རྩོམ་མཁྲེགས་པོ་དེ་འདྲ་འབྲི་ཡོང་དུས་རྒྱ་མིས་བཙིར་ཡོང་གི་འདུག་ཟེར། ཁྱོད་རང་གིས་བརྗོད་བྱ་ག་རེ་རེད། དོན་དག་ག་རེ་སྟོན་གྱི་ཡོད་རེད་ཅེས་བཤད་ནས། མདོར་བསྡུས་ན་སྙན་རྩོམ་ཡག་པོ་ཞིག་འབྲི་མི་ཐུབ་པའི་སྒང་ལ་སླེབས་འདུག འདི་འདྲ་ཞིག་གི་སྐབས་སུ་ཕྱི་ལོག་ཏུ་ཡོད་མཁན་ཚོས་མིག་གི་མ་མཐོང་མདོག་མདོག་ བྱས་ནས་སྡོད་ཐུབ་ཀྱི་ཡོད་དམ་མེད། ང་རང་ལ་ཆ་བཞག་ན་བཙན་བྱོལ་ནང་དུ་སླེབས་ནས་བློ་ཕམ་མང་པོ་ཞིག་ཡོང་མྱོང། འོན་ཀྱང་ལས་ཀ་མཚམས་མ་བཞག་པར་བྱེད་ཀྱི་ཡོད་པ་དེ་བོད་ནང་གི་སྙིང་སྟོབས་ལ་བརྟེན་པ་ཡིན། བཙན་བྱོལ་ནང་དུ་ཉེ་ཆར་བཀའ་ཤག་གིས་བཙན་བྱོལ་བོད་གཞུང་ཞེས་མིང་ཚིག་བེད་སྤྱོད་བྱེད་རྒྱུ་མེད་པ་དང། བཙན་བྱོལ་སྒྲིག་འཛུགས་ཞེས་བཀའ་སློབ་གནང་ཡོང་གི་འདུག འདི་འདྲ་ཆགས་ཡོང་དུས་སོ་སོ་འདིར་བསྡད་ནས་ག་རེ་ཡོང་གི་འདུག སོ་སོའི་ལྟོ་གོས་དོན་དུ་གཉེར་བ་གཅིག་པུ་ཡིན་ན་ཁུངས་འཁྱོལ་འགྲོ་རེད།
འདི་འདྲ་ཞིག་གི་སྐབས་སུ་བོད་ནང་དུ་འབྲེལ་བ་ཡོང་བའི་སྐབས་སུ། ཁོ་རང་ཚོའི་འཆར་གཞི་དང་དམིགས་ཡུལ། བོད་ཀྱི་ཐོག་ལ་བཅངས་པའི་ལྷག་བསམ་སོགས་གསུང་ཡོང་དུས་རང་བཞིན་གྱིས་སྡོད་མི་ཐུབ་པ་ཞིག་གི་དཀའ་ངལ་འོག་ཏུ་སོ་སོའི་དཀའ་ངལ་མ་ལྟོས་པར་ལས་ཀ་མཚམས་འཇོག་མ་ཐུབ་པ་དེ་འདི་འདྲའི་སྒང་ནས་ཆགས་བསྡད་ཡོད། དེར་བརྟེན་ང་ཚོ་དང་བོད་ནང་དུ་ཡོད་པ་ཚོ་མི་རིགས་གཅིག་དང། ཁྲག་རྒྱུན་གཅིག་ཡིན་དུས་རྣམ་པ་ཚོའི་སེམས་ནང་དུ་ཚོར་བ་ག་འདྲ་ཞིག་ཡོང་གི་འདུག དེ་རིང་འདིར་ཤེས་ཡོན་པ་རྐྱང་རྐྱང་བསྐོངས་ནས་རྣམ་པ་ཚོས་དེའི་ཐད་དགོངས་ཚུལ་ལྷུག་པོ་གསུང་བའི་རེ་བ་རྒྱག་གི་ཡོད། མདོར་བསྡུས་ན། བོད་ནང་གི་བོད་པ་དང་ང་ཚོ་གདུང་རྒྱུད་གཅིག་དང་མི་རིགས་གཅིག་ཡིན་ན། ཕྱི་ལོགས་སུ་ད་ལྟའི་གནས་སྟངས་འདི་དྲང་པོ་བཤད་ན་སླ་དྲགས་འདུག་བསམ་གྱི་འདུག དེར་བརྟེན་ངེད་དྲ་ཚིགས་ཀྱིས་དེ་རིང་གི་གཏམ་གླེང་ཚོགས་འདུ་འདི་བཀོད་སྒྲིག་བྱས་པ་ཡིན་ཞེས་ཚོགས་འདུ་ངོ་སྤྲོད་གནང་་སོང༌།
དེར་མཐུད་རྒན་ལྷ་བཟང་ཚེ་རིང་མཆོག་གིས་གསུངས་དོན།
བར་ཐག་དང་སྙིང་སྟོབས་ཅེས་པ་ནི་གཞིས་བྱེས་གཉིས་ལ་ཡོད་པ་རེད། ཡིན་ནའང་སྒྲུབ་སྟངས་དེ་ལ་ཆེ་ཆུང་དང་ཁྱད་པར་ཞིག་ཡོད་པ་རེད། གཞི་རྩའི་ཐོག་ནས་གནས་སྟངས་མ་འདྲ་བ་གཉིས་ཀྱི་སྟེང་ནས་མ་འདྲ་བ་རེད། བར་ཐག་དེ་ཡོད་པ་གང་ཞིག་ལ་བར་ཐག་དེ་ང་ཚོའི་གཞུང་གི་དབུ་ཁྲིད་རྣམ་པས་ངེས་ལེན་ཐུབ་ཀྱིན་མི་འདུག དེ་རིང་འདིར་གཞིས་ལུས་མི་མང་གིས་གནས་ཚུལ་མཁྱེན་མཁན་མང་པོ་ཞིག་སླེབས་ཡོད་པ་རེད། གཞིས་ལུས་མི་མང་དགྱ་ནག་འོག་ཏུ་འདུག་མ་འདོད་པའི་སྐད་ཆ་མ་ཡིན་པར་འདུག་མ་ཐུབ་པར་རང་བཙན་བསྐྱར་གསོ་ཆེད་ལོ་ནས་ལོ་ཉིན་ནས་ཉིན་གཅེས་པའི་ཚེ་སྲོག་ཀྱང་གཏོང་གི་ཡོད་པ་རེད། དེ་བཙན་བྱོལ་གཞུང་གིས་ངེས་ལེན་གནང་གི་མི་འདུག དེ་འགྲིག་གི་མི་འདུག་ཞེས་བརྗོད་སྐབས་དེ་མང་མོས་འོས་བསྡུ་ཡིན་ཞེས་བརྗོད་ཡོང་གི་འདུག བཙན་བྱོལ་ནང་གི་མི་འབུམ་ཞིག་གི་བསམ་ཚུལ་དེ་བོད་མི་ས་ཡ་དྲུག་གི་མང་མོས་འོས་བསྡུ་ག་འདྲ་ཆགས་རེད་ཅེས་སོགས་གནད་དུ་བབ་པའི་གསུངབཤདགནང་སོང༌། ཆེ་ཤོས་དེ་དམིགས་ཡུལ་གྱི་གནས་སྟངས་ལ་ཐུག་འདུག ཐབས་ལམ་རྐྱང་རྐྱང་བཤད་བསྡད་པ་ལས་ང་ཚོའི་རྩ་བའི་ན་ཚ་དེ་ཤེས་དགོས་ཀྱི་འདུག ན་ཚ་དེ་ནི་རང་བཙན་མེད་པའི་ནད་ཚ། ལུང་པ་མེད་པའི་ནད་ཚ། རང་དབང་མེད་པའི་ནད་ཚ། དེ་བས་ཉེན་ཁ་ཆེ་ཤོས་ཞིག་ཡོད་པ་ནི་ང་ཚོའི་དུས་ཚོད་རྫོགས་འགྲོ་གི་ཡོད་པ་རེད། འཐབ་རྩོད་མ་བྱས་གོང་ལ་དང་པོ་དམིགས་ཡུལ་ཞིག་དགོས་པ་རེད། དམིགས་ཡུལ་བོད་རང་བཙན་སླར་གསོ་དགོས་ཀྱི་འདུག ཅེས་གལ་ཆེ་གསུངས་བཤད་རིམ་པས་གནང་སོང༌།
བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས།
ང་ཚོའི་བོད་དོན་འཐབ་རྩོད་ནང་གི་གལ་ཆེ་ཤོས་དེ་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དེ་ཆད་དུ་མི་འཇུག་རྒྱུ་གལ་ཆེན་རེད། ང་ཚོ་ལ་འཛམ་གླིང་སྟེང་སྙན་གྲགས་ཅན་གྱི་དབུ་ཁྲིད་ཅིག་ཡོད་པ་འདི་ནི་ང་ཚོ་གཞིས་བྱེས་གཉིས་ཀའི་འབྲེལ་མཐུད་ཆེ་ཤོས་རེད། གཞན་ང་ཚོ་ནི་བོད་ནང་གི་བོད་མི་ཚོའི་བདེ་སྡུག་དེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱེད་པའི་མགྲིན་ཚབ་པ་ཡིན་པས། གཞིས་བཞུགས་བོད་མི་ཚོའི་གནས་སྟངས་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱེད་དགོས་པ་རེད། དེ་མིན་སྙིང་སྟོབས་ཅེས་པ་ངས་འཐབ་རྩོད་མུ་མཐུད་དུ་གནས་ཐུབ་པའི་སྙིང་སྟོབས་དང་གཞིས་བྱེས་གཉིས་ཀྱི་འབྲེལ་བ་མཐུད་ཐུབ་རྒྱུ་བཅས་ལ་ངོས་འཛིན་བྱེད་ཀྱིན་ཡོད། དགྱ་ནག་དེང་སྐབས་ཕྱི་ནས་བལྟས་ན་སྟོབས་ཆེན་པོར་མཐོང་ཡང་ནང་ལོག་རུལ་ཟིན་པའི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོས་སྙིང་སྟོབས་མུ་མཐུད་གནས་ཐུབ་པ་བྱ་རྒྱུ་གལ་ཆེན་རེད་ཟེར།

ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་ལགས་ནས་གསུང་དོན།
ང་ཚོའི་རིག་གཞུང་གི་སྙིང་སྟོབས་དེ་ཡར་བསླང་མཁན་དེ་པཎ་ཆེན་རིན་པོ་ཆེ་མཆོག་རེད། ཁོང་གི་གཟི་བྱིན་ལ་བརྟེན་ནས་ཨ་ལགས་་དུང་དཀར་ཚང་དང༌། ཨ་ལགས་དམུ་དགེ་བསམ་གཏན་ཚང༌། ཨ་ལགས་ཚེ་རྟན་ཞབས་དྲུང་ཚང་ལྟ་བུ་དག་ལ་བརྟེན་ནས་བྱུང་བ་རེད་ལ། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐབས་ནས་བཟུང་བོད་མི་རིགས་ཀྱི་སྙིང་སྟོབས་ཅེས་པ་འགོ་བསླངས་པ་རེད། དེ་བས་ང་ཚོའི་ཕྱི་དྲིལ་ལས་ཁུངས་སུ་དེ་ལྟ་བུའི་མི་སྣ་རླབས་ཆེན་དག་གི་པར་མི་བཤམས་པར་དོན་མེད་ཀྱི་པར་དེ་འདྲ་བཤམས་ཀྱི་འདུག དེ་ཚོ་ཕར་གཡུགས་ཏེ་དེའི་ཤུལ་དུ་གོང་གསལ་གྱི་མི་སྣ་དེ་ལྟ་བུ་དག་གི་པར་འཇོག་རོགས་ཅེས་སོགས་ཀྱི་གསུང་བཤད་མང་དུ་གནང་སོང༌།

དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་གསུངས་དོན།
ང་རང་གི་ངོས་ནས་བལྟས་ན་བར་ཐག་ལ་འཁོར་ཡུག་དང་དམིགས་ཡུལ་སོགས་ཡོད་པ་རེད།དེ་ཡང་བོད་ཕྱི་ནང་གཉིས་ཀྱི་བར་ཐག་དེ་གཙོ་བོ་དམིགས་ཡུལ་རེད། བོད་ནང་གི་དམིགས་ཡུལ་དེ་གཅིག་གྱུར་རེད། ང་ཚོ་བཙན་བྱོལ་བ་ཚོའི་དམིགས་ཡུལ་དེ་གསལ་བོ་མ་རེད། བར་ཐག་ཉེ་རུ་གཏོང་དགོས་ན་གོམ་པོ་དང་པོ་དམིགས་ཡུལ་གཅིག་གྱུར་ཡོང་དགོས་པ་གལ་ཆེན་རེད། བོད་ཕྱི་ནང་གཉིས་ཀྱི་སྙིང་སྟོབས་དེ་བསྡུར་བ་ཡིན་ན་བོད་ནང་གི་སྙིང་སྟོབས་དེ་ཚད་མཐོ་ཤོས་ཤིག་ལ་མཐོང་གི་ཡོད། བོད་ནང་གི་སྙིང་སྟོབས་ཀྱི་མེ་ལྕེ་དེ་འབར་འདུག་མོད༌། ང་ཚོའི་ངོས་ནས་སྙིང་སྟོབས་དེ་བྲི་འགྲོ་གི་འདུག གཞན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་དེ་༧གོང་ས་མཆོག་ཡིན་པ་གཙོ་བོ་རེད་མོད། འོན་ཀྱང་བོད་མི་རིགས་ཀྱི་འབྲེལ་བ་དེ་དབུ་ཁྲིད་གཅིག་པོའི་འབྲེལ་བ་མ་རེད། བོད་པའི་འཐབ་རྩོད་དེ་ཆོས་ལུགས་གཅིག་པོའི་འབྲེལ་བ་མ་རེད།
སྔོན་མ་ཡིན་ན་དགྱ་ནག་གི་དགྱ་དར་མེ་བསྲེག་བཏང་ཆོག་པ་རེད། ཡིན་ནའང་ཁ་སང་དེ་རིང་དེ་འདྲ་བྱས་ན་དགྱ་མི་རིགས་ལ་ཕོག་ཐུག་འགྲོ་གི་རེད་ཟེར། ང་ཚོས་དགྱ་མི་ཤེས་ཡོན་ཅན་མི་གྲངས་ལྔ་བརྒྱ་ཙམ་གྱིས་བྲིས་པའི་བོད་དོན་སྐོར་གྱི་དཔེ་དེབ་དེ་ཙམ་ཞིག་དགྱ་མི་རིགས་ཀྱིས་བོད་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་དཔང་རྟགས་ཙམ་དུ་འཛིན་གྱི་འདུག་མོད། དོན་ལ་དགྱ་མི་མང་གི་གྲངས་ཚད་དང་བསྡུར་ནས་བལྟས་པ་ཡིན་ན་གྲངས་ཀ་དེ་ནི་ཅི་ཡང་མ་རེད། དེ་བས་ངས་ང་ཚོ་ལ་དབང་བསྒྱུར་བྱེད་མཁན་དགྱ་ནག་གཞུང་ཡིན་པ་ལས་དགྱ་ནག་མི་མང་མ་རེད་ཅེས་པ་དེར་ངོས་ལེན་རྩ་བ་ནས་བྱེད་ཀྱིན་མེད། རྒྱུ་མཚན་དགྱ་ནག་མི་མང་གིས་བོད་ནི་ཆེས་རྗེས་ལུས་དང་ཀླ་ཀློ་ལྟ་བུ་ཞིག་ལ་དྲིལ་བསྒྲགས་བྱེད་ཀྱིན་དབང་བསྒྱུར་བྱས་ཡོང་བ་རེད་ལ། དེ་བཞིན་དུ་དྲུག་བཞིའི་དོན་རྐྱེན་སྐབས་ཀྱང་དགྱ་མི་ཚོས་ང་ཚོས་ང་ཚོའི་མི་རིགས་ལ་མེ་མདའ་རྒྱག་ཐུབ་ས་མ་རེད་ཅེས་བཤད་མྱོང་བ་རེད། ཡིན་ནའང་བོད་མི་ཚོར་མེ་མདའ་ག་ཚོད་བརྒྱབ་ནས་བསད་སོང༌། དེ་བཞིན་ཤར་དུ་ཏི་སུ་ཐན་ལ་དྲག་གནོན་བྱེད་སྐབས་དགྱ་ནག་གཞུང་ཙམ་མ་ཡིན་པར་མི་མང་གིས་ཀྱང་ལག་ཏུ་དབྱུག་པ་དང་གྲི་སོགས་བཟུང་ནས་དྲག་གནོན་བྱས་པ་འདི་ལས་མི་རིགས་གཉིས་ཀྱི་གནད་དོན་ཞིག་ཡིན་པ་གསལ་བོར་རེད། དེ་ཡིན་ཙང་ངས་དེ་ནི་དགྱ་མི་རིགས་ཀྱི་དབང་བསྒྱུར་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་སོགས་གསུངས་སོང༌།

གཞན་འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་བསོད་ནམས་ནས་གསུང་དོན།
ང་རང་གི་ངོས་ནས་སྙིང་སྟོབས་ཅེས་པ་དེ་འཐབ་རྩོད་དེར་གོ་གི་ཡོད་ལ།འཐབ་རྩོད་ཅེས་པ་ཡང་ཆོས་དང་རིག་གཞུང་གཅིག་གྱུར་གྱི་ངོ་བོ་ལ་མཐོང་གི་ཡོད། དེ་བས་ང་ཚོ་བཙན་བྱོལ་ལ་མཚོན་ན་ཆོས་ལུགས་ཀྱི་ངོ་བོ་དེ་འཛིན་ཐུབ་ཀྱང་རྩ་བའི་རིག་གཞུང་ངོ་བོ་ཆ་ཚང་འཛིན་མ་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཆོས་ལུགས་ཀྱི་ངོ་བོ་ཙམ་འཛིན་ཐུབ་ཀྱང་གཙོ་བོ་སྐད་ཡིག་དང་ལོ་རྒྱུས་སོགས་ཤེས་དགོས་པ་རེད།དེ་ཤེས་པ་ཡིན་ན་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་ཤེས་ཀྱི་རེད། གཞན་ང་ཚོའི་མི་རིགས་་ཀྱི་རིགས་ཞེན་འདུ་ཤེས་དེ་ཤུགས་ཆེ་རུ་ཡོང་བ་བྱེད་རྒྱུ་ཡང་གལ་ཆེན་རེད་ལ། ཚད་མཐོན་པོས་ཞེན་ཁོག་ཅིག་བྱུང་བར་མི་རིགས་ཀྱི་ངོ་བོ་གལ་ཆེན་དུ་འཛིན་རྒྱུ་གལ་ཆེན་རེད། ང་ཚོའི་ལས་འགུལ་སྤེལ་སྐབས་ཐབས་ལམ་མ་ནོར་བར་མི་རིགས་ཀྱི་སྤོབས་པ་དང་ལ་རྒྱ་དེ་འཛིན་རྒྱུ་གལ་ཆེན་པོར་མཐོང་གི་འདུག དགའ་འོས་པ་ཞིག་ལ་དེང་སྐབས་སྔོན་དང་མི་འདྲ་བ་ནི་བོད་ནང་ལོག་གི་དགྱའི་སློབ་ཆེན་འགྲིམས་མཁན་ཚོར་ཡང་སྔོན་དང་བསྡུར་ན་མི་རིགས་ཀྱི་རིགས་ཞེན་ཆེ་རུ་འགྲོ་བཞིན་འདུག་ལ། བོད་པའི་སྐད་དང་ཡི་གེ་སྐོར་ལ་དོ་སྣང་ཡང་ཆེན་པོ་ཡོང་གི་འདུག་པས། ང་ཚོས་ཀྱང་གཏིང་ཟབ་མོའི་འཆར་གཞི་དང་མ་འོངས་པའི་མདུན་ལམ་དེ་གཙོ་བོ་སྐད་འབོད་ཙམ་ལ་བརྟེན་པ་ནི་མི་འདང་བ་ཞིག་ཏུ་མཐོང་གི་ཡོད་ཟེར།

རྩོམ་པ་པོ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ནས་གསུང་དོན།
ངས་བལྟས་ན་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་ལ་འབྲེལ་ནས་བྱུང་དགོས་པའི་བར་ཐག་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། བར་ཐག་དེར་བདམ་ཀ་བྱེད་དགོས་པ་ཡིན་ན་དབུ་མའི་ལམ་དང་རང་བཙན་ཞེས་པ་ཙམ་ལས་བར་ཐག་དེ་འབྲེལ་ཐུབ་ཀྱི་མ་རེད་བསམ་གི། དཔེར་ན་སྒྱུ་རྩལ་དང་རིག་གཞུང་གི་མ་ལག་མང་པོ་ཞིག་གི་སྟེང་ནས་གཞིས་བྱེས་གཉིས་ཀྱི་བར་ཐག་དེ་འཛིན་དགོས་པ་ཞིག་ཏུ་མཐོང་སོང༌། གཞན་ཤེས་ཡོིན་སྲིད་བྱུས་ཀྱི་སྟེང་ནས་ཁ་ཕྱོགས་གསར་བ་ཞིག་བསྐྲུན་ཐུབ་པ་ཡིན་ན་མ་འོངས་པའི་འབྲེལ་ཐག་ལ་ཕན་གི་རེད་བསམ་གི དེ་མིན་ཆོས་ལུགས་ཀྱི་འབྲེལ་ཐག་དེ་བཙན་བྱོལ་ནང་གི་བླ་མ་དང་ཆོས་ལུགས་བར་གྱི་འབྲེལ་ཐག་དེ་ཡག་པོ་འདུག གཞན་གཞིས་ལུས་མི་མང་གི་སྙིང་སྟོབས་དེས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པོར་བསམ། དཔེར་ན་སྟག་པགས་རྒྱན་གོས་མེ་བསྲེག་ལས་འགུལ་ནས་༢༠༠༨ལོའི་གྱེན་ལངས་ཆེན་མོ། དེ་བཞིན་དུ་ཡུལ་ཤུལ་ས་ཡོམ་སོགས་ཀྱིས་མཚོན་ཐུབ་པས། བོད་ནང་གི་སྙིང་སྟོབས་དེར་ང་ཚོ་བཙན་བྱོལ་བོད་མི་ཚོས་སློབ་སྦྱོང་བྱ་དགོས་པ་ཞིག་ཏུ་མཐོང་སོང་ཟེར།

མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་གསུངས་དོན།
ངས་བལྟས་ན་བར་ཐག་དེ་མེད་པ་ཞིག་དང་སྙིང་སྟོབས་དེ་སྤེལ་དགོས་པ་ཞིག་ཏུ་མཐོང་སོང་བ་མ་ཟད ། བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པའི་བར་ཐག་དེ་གལ་ཆེན་པོར་འཛིན་དགོས་པ་ཞིག་ཏུ་མཐོང་སོང༌།དེ་གཉིས་ཁ་ཕྱོགས་མ་འདྲ་བ་གཉིས་སུ་ཕྱིན་པ་ཡིན་ན་བར་ཐག་དེ་ཉེན་ཁ་ཞིག་ཏུ་གྱུར་ཉེན་འདུག། དེ་བས་བར་ཐག་ཉེ་རུ་གཏོང་རྒྱུ་གལ་ཆེན་རེད།སྙིང་སྟོབས་ཅེས་ན་མི་རིགས་ཤིག་གི་འཐབ་རྩོད་ཕྱོགས་ནས་བཤད་ན་སྙིང་སྟོབས་དང་ང་རྒྱལ་དེ་དགོས་པ་ཞིག་རེད་ལ།་ཡོད་བཞིན་པ་ཞིག་ཀྱང་རེད། སྤྱིར་བཏང་མིའི་སྙིང་སྟོབས་ཞེས་པ་དེ་ཛ་དྲག་གི་སྐབས་སུ་མཐོང་གི་འདུག དེ་བས་བར་ཐག་དེ་ཉེ་རུ་གཏོང་དགོས་ལ་སྙིང་སྟོབས་དེ་དར་སྤེལ་བྱེད་དགོས་ཤིག་རེད་ཟེར།

རྩོམ་པ་པོ་ལྷ་ཆབ་སྦྱིན་པས་གསུངས་དོན།
ངས་བལྟས་ན་བཙན་བྱོལ་དང་གཞིས་བཞུགས་གཉིས་ཀ་བསྡུར་བ་ཡིན་ན་ཁྱད་པར་ཆེན་པོ་མཐོང་གི་འདུག བཙན་བྱོལ་ནང་དུ་སྙིང་སྟོབས་དེ་མ་བྱུང་བ་ནི་འཚོ་བ་སོགས་ཕྱོགས་མང་པོ་ཞིག་གི་འོག་ནས་ཡོང་ཐུབ་ཀི་མི་འདུག་བསམ་གི བོད་ནང་ལ་མཚོན་ན་སྙིང་སྟོབས་ད་ལྟའི་སྐབས་བྱུང་བ་ཞིག་མ་ཡིན་པར་སྔོན་མ་ནས་ཡོད་བསྡད་པ་ཞིག་རད། དེ་བས་ང་ཚོས་བོད་ནང་གི་སྙིང་སྟོབས་དེར་སློབ་སྦྱོར་བྱེད་དགོས། ཞོགས་དུང༌། ཐེའུ་རང༌། ཞོགས་ལྗང་སོགས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། དེ་བྱུང་བ་ལ་བཙན་བྱོལ་གྱི་ཤེས་ཡོན་ཅན་དང་ལས་འགུལ་བ་དག་གིས་ཆིག་སྒྲིལ་གྱི་ལམ་ཁ་ཞིག་འཚོལ་རྒྱུ་གལ་ཆེན་རེད། ལྷག་པར་དྲ་ལམ་འདྲ་མིན་དུ་ཞུགས་པའི་་རྩོམ་འབྲི་བ་དག་གིས་བོད་ནང་ཁུལ་དུ་གནོད་པའི་ལས་ཀ་རེ་མི་བྱ་རོགས་ཅེས་འབོད་སྐད་ཞུ་བཞིན་ཡོད་ཅེས་སོགས་ཟེར།

བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ་ལགས་ནས་གསུངས་དོན།
བོད་ཡིག་ལ་བརྟེན་ནས་ཆེད་ལས་དགོས་པ་གལ་ཆེན་པོར་མཐོང་གི་འདུག བོད་ཀྱི་རིག་གཞུང་གཏིང་ཟབ་མོ་ཡོད་པོར་བརྟེན་དེ་དང་བསྟུན་ནས་བོད་ཀྱི་སྐད་ཡིག་གཙོར་བཟུང་གིས་ཆེད་ལས་ཕྱོགས་ལ་ཤུགས་རྒྱག་རྒྱུ་གལ་ཆེན་རེད། འབོད་སྐད་ཞུ་རྒྱུ་ཅིག་ནི་མ་འོངས་པར་ཡང་འདི་འདྲའི་གཏམ་གླེང་མུ་མཐུད་དུ་གནང་ན་ཕན་ཐོག་ཆེན་པོར་འདུག་ཅེས་འབོད་སྐད་ཞུ་རྒྱུ་ཡིན། གཞན་བསམ་ཚུལ་ཞིག་ཡོད་པ་ནི་ང་ཚོས་ཐབས་ལམ་གཙོ་བོར་བཟུང་ན་ཡག་པོ་མཐོང་སོང༌། དེ་མིན་གྱི་ལངས་ཕྱོགས་གཙོ་བོར་མ་བཟུང་ན་ཡག་པོར་བར་འདོད།
མཇུག་ཏུ་ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས་མཇུག་སྡོམ་གྱི་གསུང་བཤད་གནང་དེ་དུས་ཡུན་ཆུ་ཚོད་ལྔའི་རིང་ལ་ཚོགས་ཤིང་ཚང་མས་་སྐབས་བབ་ཀྱི་བརྗོད་བྱའི་སྐོར་ལྷུག་པོར་གནང་རྗེས་ཚོགས་འདུ་བདེ་ལེགས་ངང་གྲོལ།

གསར་འགོད་པ་གཟུགས་ཕྱུག་སྐྱིད།
༼ཡོང་ཁུངས།འོད་དཀར་དྲ་ཚིགས།༽

Leave a comment

Your email address will not be published.

*