ལོག་སྤྱོད་རེད་ཟེར།
འཛམ་གླིང་ཉི་མ་ཆེན་པོ།།
ཡུལ་གྲུ་གཞན་ལ་ཤར་ཡང་།།
གངས་ཅན་བོད་ཀྱི་རྒྱལ་ཁམས།།
མུན་པའི་གླིང་དུ་གྱུར་འདུག།
རྩམ་གཟན་གདོང་དམར་ཡིན་ན།།
ཕ་ཡུལ་ཕྱོགས་ལ་སོམས་དང་།།
འགྲོ་བ་མི་ཡི་ཐོབ་ཐང་།།
ལོངས་སུ་སྤྱོད་ཁོམ་འདུག་གམ།།
ཁ་བྲལ་རིང་ལུགས་རེད་ཟེར།།
ཏཱ་ལའི་ལོག་སྤྱོད་རེད་ཟེར།།
གསར་བརྗེར་ངོ་ལོག་རེད་ཟེར།།
ཁྲིམས་ཀྱི་མུན་པར་བརྫངས་སོང་།།
མ་བུ་ཁ་བྲལ་བཏང་སོང་།།
དགེ་སློབ་ཁ་བྲལ་བཏང་སོང་།།
ཁྱིམ་གཞིས་སྟོང་ལ་ཉེ་སོང་།།
རྩམ་གཟན་བོད་མིས་གཟིགས་སམ།།
ཁྲིམས་མུན་ར་བའི་ནང་དུ།།
བོད་རིགས་བཙོན་པས་ཁེངས་འདུག།
བཙོན་པའི་ལུས་ཕུང་ཐོག་ཏུ།།
མནར་གཅོད་རྨ་ཁས་ཁེངས་འདུག།
ཉིན་མཚན་འཁྱོལ་དཀའི་སྡུག་བསྔལ།།
ལུས་སེམས་གཉིས་ཀྱིས་མྱངས་ཀྱང་།།
འཛམ་གླིང་སྐྱེ་བོའི་མདུན་དུ།།
བདེན་དོན་ཤོད་ས་མི་འདུག།
ཁྲག་གིས་ས་གཞི་ཚོས་ཏེ།།
རྨ་ཁས་ལུས་པོ་ཁེངས་སོང་།།
ལུས་ཕུང་རྡོ་རུ་གྱུར་ཀྱང་།།
སྙིང་སྟོབས་འགྱུར་བ་མི་འདུག།
ཟས་གོས་ངན་ངོན་ཁྲོད་དུ།།
གཅིན་སྐྱག་དྲི་མས་ཁྱབ་འདུག།
ལུས་པོ་ཤ་སྐམ་པགས་སྐམ།།
ལྕགས་སྒྲོག་སྦོམ་པོས་བཅིངས་འདུག།
བཙོན་ཁང་ནང་གི་གཏམ་རྒྱུད།།
བཤད་ནས་རྫོགས་ཐབས་མི་འདུག།
མི་རིགས་འདི་ཡི་དཀའ་སྡུག།
བཤད་ནས་ཉན་མཁན་ཡོད་དམ།།
ཁྲིམས་ལུགས་ཡང་དག་རེད་ཟེར།།
མནར་གཅོད་སྡུག་དགུ་བཏང་སོང་།།
ཀྲུང་གོ་གསར་པ་ཡིན་ཟེར།།
རིག་གཞུང་རྙིང་པ་གཏོར་སོང་།།
ཞི་བདེ་འཆམ་མཐུན་ཟེར་གྱིན།།
མཚོན་ཆས་ས་གཞི་ཁྱབ་འདུག།
བོད་གསར་འཛུགས་སྐྲུན་ཟེར་གྱིན།།
རྒྱ་གྲོང་ངོ་མར་གྱུར་འདུག།
བོད་མིའི་བླ་སྲོག་གཅིག་པུ།།
༸གོང་ས་ཡིད་བཞིན་ནོར་བུར།།
ཏཱ་ལའི་ལོག་སྤྱོད་ཟེར་སྐབས།།
བོད་མིའི་སྙིང་ཁ་གཏོར་སོང་།།
ལོ་ངོ་ལྔ་བཅུའི་རིང་ལ།།
ཁྲག་གི་མིག་ཆུ་བཞུར་ཡོད།།
བེམ་རོའི་རི་རབ་བརྩིགས་ཡོད།།
ཟུངས་ཁྲག་རྒྱ་མཚོ་བསྐྱིལ་ཡོད།།
སྡུག་བསྔལ་སྡུག་བསྔལ་ཟེར་སྐབས།།
སེམས་ཁམས་ཉག་ཉོག་གྱུར་སོང་།།
མིག་ཟུང་མཆི་མས་ཁེངས་སོང་།།
ལག་གཉིས་འདར་སིག་བརྒྱབས་བྱུང་།།
བཙོན་ཁང་ནང་ནས་ལྟ་སྐབས།།
མཐོང་རྒྱུ་གནམ་ལས་མེད་པས།།
གནམ་གྱི་ཟླ་བ་དཀར་པོས།།
སེམས་ཀྱི་མུན་པ་སེལ་རོགས།།
ལུས་པོ་བཙོན་དུ་གནས་ཀྱང་།།
སེམས་པ་ཁྱེད་ལ་བཅོལ་འདུག།
༸གོང་ས་ཡིད་བཞིན་ནོར་བུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་རོགས།།
2010.1.27