ཕ་ཡུལ་དང་འབྲེལ་བའི་སྙན་ངག་འགའ།
༼ཕ་ཡུལ།༽
ཕ་ཡུལ་ནི་གྲོག་ཚང་ཞིག་དང་འདྲ་སྟེ
ས་བརྐོས་རྡོ་སྔོགས་ཀྱི་ལས་སུ་བགོས་པ་དེའོ
༼འབྲོག་མོ། ༽
ཚན་རིག་ལ་གདོང་གཏོད་མ་ཐུབ་པར
རང་ཉིད་ཀྱི་ལས་དབང་གཞན་ལ་སྦྱིན་པ་དེའང་ཡིན་སྲིད
སྐབས་དང་སྐབས་སུ་ཁྱོད་རང་ཁ་པར་གྱིས་ཀྱང་བསླུས་འགྲོར
༼རྩྭ་ཐང༌།༽
ཆུ་སྲིན་གྱིས་རྔུབ་ཀྱིན་པའི་མཚོ་སྔོན་པོ
ཉིན་རེ་ནས་ཉིན་རེར སྙིང་ཁར་སྤར་བྲད་བྱེད་ཀྱི་མི་འདུག་གམ
༼ནོར་གནག༽
སྦྲང་མ་མང་པོ་བཞིན་རླངས་འཁོར་གྱི་འདྲུད་ཀྱིན་འདུག
ཐག་རིང་ཞིག་ལ་འདྲུད་ཀྱིན་འདུག
འཆི་བའི་སྒོ་ཆེན་གྱི་ཕྱོགས་སུ་འདྲུད་ཀྱིན་འདུག
༼འབྲོག་ཁྱི།༽
སྦྲ་ནག་དང་གྱེས་ཏེ་གྲོང་ཁྱེར་དུ་ཐོན་དུས
ཁྱོད་རང་ཚ་བས་གདུང་ངེས
མི་ཚོགས་ཀྱིས་བསྐོར་ངེས
སྒོར་མོའི་གྲངས་ཀ་རྩི་མཁན་གྱི་མི་ཚོགས་ཀྱིས་བསྐོར་ངེས
༼བགྲེས་པོའི་ཚོགས།༽
ཁྲོམ་སྲང་ཞིག་ནས་འདུས་ཏེ
མི་ཚེ་ལ་བསམ་བློ་གཏང་ཆོག
ཕྲེང་རྡོག་བརྒྱ་དང་བརྒྱད་པོ་བསྐྱུར་ཏེ
རྩེད་ཆས་གང་རུང་ཞིག་ཉི་མ་ཕུད་ཐབས་སུ་བཀོལ
འདི་ནི་ཁྱོད་ཚོའི་ཚེ་མཇུག་གི་བདེ་སྣང་ཡིན་ནམ
༼སློབ་མ།༽
སྤྱི་ཚོགས་ཀྱི་ཁ་ཟས་སུ་སྤྱོད་པའི་དབུལ་བོའི་ཚོགས
སོག་པོ་སྟག་ཁྲིད་ཀྱིས་སྣེ་ཁྲིད་དེ་འགྲོ་བཞིན་པའི་ཁྱོད་ཚོ
ཙིག་ཁུང་ཞིག་ནས་འཇིག་རྟེན་ལ་བལྟས་པ་ཙམ་མོ
༼དགེ་རྒན།༽
རྒྱུགས་ཟེར་ན་དམྱལ་བའི་ཁམས་སུ་རྒྱུགས་ཀྱང་སྲིད
རྒྱོབ་ཅེས་ན་ཨ་ཕའི་མགོ་ལའང་རྒྱག་སྲིད
མཛུབ་ཐེལ་གྱི་གྲངས་ཀ་བརྩིས་ཏེ ཉི་མ་ག་ཚོད་ཅིག་ཕུད
༼ལས་བྱེད་པ།༽
ཡིག་ཆ་རྫུན་མ་ཞིག་གི་གསེང་མགོ་བོ་འཁྱོར
སུན་སྣང་གིས་མི་ཚེ་ལ་བྱིལ་བྱིལ་གཏོང་གིན
ཆང་དང་ལོངས་སྤྱོད་དུ་ཡིད་ཚིམ་ནས་བསྡད་ཡོད
རེའུ་མིག་གྲངས་མེད་ཀྱི་གསེང་ནས་མགོ་ཡོམ་འཁོར་གྱིན
རང་ཉིད་སྔ་མོ་ནས་བོར་ཟིན
ཕ་ཡུལ་གྱི་དེབ་ཐེར་ངོས་སུ་ནག་ཐིག་གི་རི་མོ་ཞིག་འབྲི་བཞིན་པ་དེའོ
༼སློང་མ་བ།༽
རང་ཉིད་དམའ་སར་བཞག་སྟེ
མཐེ་བོང་གིས་ངོ་སོ་ལེན་གྱིན་པའི་ཁྱོད་ཚོ
རྒོད་པོ་ཚང་ནས་འཕུར་འོང་བ་དང་འདྲ་སྟེ
ཁྲོམ་སྲང་གང་སར་ཉུལ་གྱི་འདུག
མི་ཚོགས་མང་སར་འཚང་ཡོང
རྒོད་པོ་ཤ་ལ་རྔམ་པ་ཇི་བཞིན་ནོ
༢༠༡༠ལོའི་ཟླ༧པའི་ཚེས༢༡ཉིན་རང་ཤག་ཏུ་སྦྱར།
༼ཡོང་ཁུངས།ན་གཞོན་གསར་བ།༽