བོད་མི་སྐྱབས་བཅོལ་བ་ལོ་རེ་བཞིན་ཇེ་ཉུང་ཡིན་འདུག

སྤྱི་ལོ་༢༠༠༨ལོའི་རྗེས་སུ་བོད་ནས་རྒྱ་གར་དུ་བཙན་བྱོལ་སྐྱབས་བཅོལ་ལ་ཡོང་མཁན་ཧ་ཅང་ཇེ་ཉུང་དུ་ཕྱིན་ཡོད་འདུག
AFPགསར་འགྱུར་ལས་ཁང་གི་གསར་འགོད་པས་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བསླངས་པ་ནས་བཟུང་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་མཁན་གྱི་གྲངས་ཚད་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་ནི་རྡ་རམ་ས་ལར་ཡོད་པའི་སྣེ་ལེན་ཁང་གི་གནས་སྟངས་ནས་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་བཀོད་པ་དང་ཆབས་ཅིག་གསར་འགོད་པར་སྣེ་ལེན་ཁང་གི་འགན་འཛིན་གཞོན་པ་གཡུ་སྒྲོན་ནས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་སྔ་ཕྱི་ལོ་ ༢༠༠༨་ལོའི་ཕྱི་ཟླ་གསུམ་པའི་བར་བོད་ནས་ལོ་ལྟར་མི་གྲངས་ ༢༠༠༠ ནས་ ༣༠༠༠བར་འབྱོར་གྱི་ཡོད་མོད། འོན་ཀྱང་དེའི་རྗེས་སུ་ཆིག་སྟོང་ཙམ་ལས་འབྱོར་མེད་ལུགས་གསུངས་འདུག
ཡང་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་དང་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ནས། ཉེ་བའི་དུས་ཚོད་ནས་བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ནས་བལ་བོད་ས་མཚམས་སུ་བལ་པོའི་དམག་མིས་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེར་ང་ཚོ་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་ནས་དམ་དྲག་ཤུགས་ཆེ་འདི་འདྲ་བྱེད་དགོས་དོན་ནི་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་མི་ཡོང་བའི་ཆེད་རེད་ཅེས་གསུངས་ཡོད་འདུག
དེ་དང་ཕྱོགས་མཚུངས་རྡ་ས་བོད་ཁྱིམ་སློབ་སྤྱི་ཕུན་ཚོགས་རྣམ་རྒྱལ་ལགས་ནས། དེ་སྔ་ཡིན་ན་ལོ་ལྟར་བོད་ནས་བྱིས་པ་ ༧༠༠ ནས་ ༨༠༠ བར་སློབ་གྲྭར་འཛུལ་ཞུགས་ཆེད་འབྱོར་གྱི་ཡོད།ཡིན་ནའང་ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བྱིས་པ་ ༢༨༠ ཙམ་ལས་མེད་ཅེས་འགྲེལ་བརྗོད་གནང་འདུག
ཡང་AFPགསར་འགོད་པས་སྣེ་ལེན་ཁང་དུ་གསར་དུ་འབྱོར་བའི་མི་སྣ་ཚོར་གནས་ཚུལ་འདྲི་རྩད་སྐབས་བྱིས་པ་ལོ་ན་བཅོ་ལྔ་ཅན་ཞིག་གིས། དེ་སྔ་དང་མི་འདྲ་བར་གཅིག་ནས་རྒྱ་མིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གཉིས་ནས་བོད་ནས་ཁྲིད་ཡོང་མཁན་ལམ་ཁྲིད་པ་ཚོར་སྔར་དང་མི་འདྲ་བར་ལམ་ཁྲིད་ཀྱི་གླ་ཆ་ཨ་རིའི་དྲོ་ལར་གསུམ་སྟོང་ཙམ་སྤྲོད་དགོས་ཀྱི་ཡོད་ལུགས་དང་། ཁོང་རང་ཉིད་ལམ་ཁྲིད་མཁན་དང་མཉམ་དུ་བོད་ནས་ཡོང་སྐབས་མཚན་མོར་རྐྱང་རྐྱང་བརྒྱུད་ཡོང་བ་ཡིན་པ་སོགས་གནས་ཚུལ་ངོ་སྤྲོད་བྱས་འདུག
༼ཡོང་ཁུངས། འོད་དཀར་དྲ་ཚིགས།༽

མཆན་བུ་མེད་།

མཆན་བུ་མེད་།.

RSS feed for comments on this post. TrackBack URI

མཆན་ཞོག

WordPress Themes