རྩོམ་གྲོགས་ཤིག་གྲོངས་རྗེས་ཀྱི་གཏམ།

  • ཨ་རིག་དགེ་མཐོང་།
    བརྙས་བཅོས་འོག་ནས་བཞུད་པའི་ཀླུ་ཚང་བ།

    ཁ་སང་ངྷ་ས་ཆོས་ཀྱི་མགྲོན་སར་སྐྱིད་པའི་དགོད་སྒྲ་མཉམ་དུ་བཞད།།
    དེ་རིང་མི་སྙན་གཏམ་ངན་ཞིག་གིས་དམར་པོ་སྙིང་ལ་ཙག་ཤད་བསླངས།།
    རྟེན་འབྲེལ་ལས་ཀྱི་འཇུག་ལྡོག་འདི་ལ་སུས་ཀྱང་ལྡོག་ཐབས་མི་འདུག་མོད།།
    ཁོང་ན་གནས་པའི་མཛའ་མཐུན་བརྩེ་བས་འདི་ལྟར་མི་འདོད་སྡུག་སྨྲེ་འདོན།།

    གདོང་དམར་མཁས་པའི་རྐང་འཛིན་མི་ལ་འཆི་བདག་བདུད་ཀྱི་བཀའ་ཆད་མང་།།
    ཆོལ་གསུམ་དཀྲུགས་པའི་གདོན་འདྲེ་རིགས་ལ་གཞན་ལ་མེད་པའི་ཚེ་བསོད་དར།།
    གོ་ལྡོག་ལས་ཀྱི་འཁོར་འདྲིས་འདི་དག་སྙིགས་མ་དུས་ཀྱི་རང་མཚང་དང་།།
    བོད་པའི་ཁྲག་རྒྱུན་ས་ལ་འཐིམས་པའི་རྟེན་འབྲེལ་ཞིག་གི་དབུ་ཡིན་ནམ།།

    སྟོང་འདང་ཆེ་བའི་སྙན་ངག་པ་ཁྱོད་མི་མངོན་ཡུལ་དུ་ཐལ་བ་ནས།།
    དྲུག་འགྱུར་དབྱངས་རྟས་མི་སེམས་སྒུལ་བའི་སྨྱུག་ཐོགས་ཤིག་གི་གཤོག་ཡ་ཆད།།
    བརྩེ་སེམས་འོ་མའི་མཚོ་ལ་བྱིངས་པས་འཇར་པན་བུ་མོ་མིག་ཆུར་འཐིམས།།
    ཀྱེ་མ་འཁོར་བའི་བསླུ་བྲིད་འདི་ནི་ཇི་འདྲའི་ཞེད་སྣང་ཚ་བ་ལ།།

    <<སྙིང་གཏམ་ནག་པོ>>འི་སྒྱུ་རྩལ་བཟི་ཁས་རྟོགས་ཟད་པ་དག་བསྙུངས་ལ་བསྐུར།།
    <<དྲིན་ཆེན་ཕ་ལོ>>འི་དྲིན་གཟབ་མགུར་ལ་དགའ་སྐྱོ་སྟོང་གི་ཚོར་སྣང་བཞུར།།
    ཁྱོད་ཀྱིས་བྲིས་པའི་སྙན་རྩོམ་ཕལ་ཆེར་རྒན་གཞོན་ཀུན་གྱི་ངག་ལ་བྱངས།།
    ཁྱོད་ཀྱི་གོད་ཆག་འགྲུལ་བཞུད་འདི་ཡིས་དཔྱོད་ལྡན་མི་ལ་ངུ་ཁ་བསླངས།།

    སྙན་ངག་པ་ཡི་བསམ་གཞིག་ཁྲོད་ནས་<<སྟོན་པ་མཆོག་དང་སྙིང་ཉེ་ཚོ>>།།
    ཟེར་ནས་རང་སེམས་དམར་པོ་སྤྲུགས་པའི་དོགས་འདྲི་ནག་པོ་སུ་ལ་ཕོག།།
    བཙུན་གཟུགས་རྣམས་ཀྱི་རྫུན་པགས་བཀོག་སྟེ་རྣམ་དག་ཆོས་པ་ཤུགས་ལ་བསྟན།།
    རྨོངས་ཞེན་སྲོལ་རྒྱུན་མཁྲེགས་འཛིན་བྱེད་པ་ཟུར་ནས་བཤིགས་པ་བདག་གིས་ཚོར།།

    ཤ་དང་རུས་པའི་གསེང་ནས་ཐོན་པའི་<<ཨ་མའི་བུ>>་ཞེས་སྙན་ངག་དེ།།
    ལྐུགས་དྲག་སྐུ་ངོའི་ཚོགས་ལ་བསྣུན་པའི་ཅི་འདྲའི་ཁབ་རྩེ་རྣོ་པོ་ཞིག།
    ཏཱ་ལའི་བླ་མ་ཕུལ་བའི་བསྟོད་ཚོགས་རི་རྒྱུད་ལྷུན་པོའི་གཏོས་དང་མཉམ།།
    ཁྱེད་དང་ཧོར་གཙང་འཇིགས་མེད་མ་གཏོགས་འདི་འདྲ་ངག་ནས་ཐོན་རྒྱུ་དཀའ།།

    སྙན་ངག་པ་ཚོའི་སྙུག་གུའི་རྩེ་ན་དུས་རྒྱུན་བཞུར་བ་སྒྲོ་བཏགས་ཆེ།།
    ཁྱེད་ཀྱིས་བྲིས་པའི་<<སྐར་མ་དམར་ལོག>>་འདི་ནི་གོ་བདེའི་སྙན་ངག་ཅིག།
    མངོན་བརྗོད་བུ་མོས་བསླུ་བྲིད་མ་ཐེབས་ཀློག་ན་སྤྲོ་བའི་ཚོར་འདུ་ཞིག།
    འདི་འདྲ་བྲིས་ན་རྩོམ་གྱི་བརྗོད་བྱ་ལག་ཏུ་མི་རག་དཀའ་ངལ་ཅི།།

    གཅེས་པའི་གཅུང་བོའི་ཚེ་སྲོག་དམར་པོ་འཆི་བདག་སྲིན་པོས་འཕྲོགས་པ་ན།།
    ཁྱེད་ཀྱིས་དྲན་པའི་མིག་ཆུ་དྲོན་མོ་ཡ་ཆུང་ཁོག་ཏུ་མ་ཤོང་བར།།
    ཤོག་གུའི་སྟེང་དུ་གསལ་བོར་ཕབ་པའི་ས་མཐའི་སེམས་ཚོར་དམར་རྗེན་མ།།
    <<ངུ་བཞིན་དུ>>་ནི་ལག་པའི་བར་ནས་ཤོར་བའི་སྙན་ངག་སྐྱུར་མོ་ཞིག།

    གསོན་པོའི་སེམས་པ་འཁྱག་ལ་སྦྱར་བའི་སྙིང་གི་མཛའ་མོ་བདེ་སྐྱིད་དང་།།
    ཁ་ཐག་གྱེས་པའི་སྐྱོ་གདུང་ན་ཟུག་གཟུགས་སུ་གྲུབ་ན་རི་བོ་འདྲ།།
    མཛའ་མོ་འགྲོགས་པའི་གཏམ་རྒྱུད་དེ་ནི་བདག་གིས་བྲིས་ནས་ག་ལ་རྫོགས།།
    འདི་འདྲ་ཞིག་གིས་ཀློག་མཁན་དག་ལ་ངོ་སྤྲོད་ཚུལ་དུ་བཤད་ཟིན་ནོ།།

    ཁྱེད་ཀྱི་རྩོམ་བཏུས་<<ཚོར་བའི་ཕ་བོང་>>བདག་གི་བློ་ན་གསལ་ལྷང་ངེ་།།
    ཕྲན་གྱིས་དེ་ཡི་ཚིག་སྦྱོར་ཟུང་ལ་ལད་ཟློས་བྱས་ཏེ་བྲིས་པ་མང་།།
    ཁྱེད་རང་ཁྲོས་ཏེ་ཁྲིམས་གཏུགས་བྱས་ན་ང་ལ་ཁྲིམས་ཆད་ཡོད་ཚོད་ཡིན།།
    <<ཚོར་བའི་ཕ་བོང་>>བཟི་ཁ་དེ་ནི་ང་ཡིས་མྱོང་བ་ཐེངས་ཤིག་མིན།།

    བརྩེ་ཆེན་ཕ་མའི་བྱམས་བརྩེའི་ངོགས་ནས་དྭངས་གཙང་བྱིས་བློ་དལ་གྱིས་རྒྱས།།
    ངུར་སྨིག་ན་བཟའ་དམར་པོའི་ཐུ་ནས་དབུ་ཕར་རིགས་པའི་གསང་བ་ཉུལ།།
    རིགས་ཞེན་མཚོ་མོ་འཕྱུར་སྟངས་ཤིག་གིས་དམ་ཚིག་སྡོམ་པ་རྡོ་ལ་བརྡབས།།
    ཀྱེ་ཧོ་ཁྱེད་ཀྱི་ཐབས་རྡུགས་ལས་དེ་སྔོན་བྱས་གང་གི་རྣམ་སྨིན་ཡིན།།

    འཆི་བདག་རྒྱལ་བོའི་བཀའ་ལུང་ཞིག་གིས་མི་མངོན་གནས་སུ་བཞུད་པ་ན།།
    རིགས་ཞེན་མཐོན་པོའི་བག་ཆགས་ལྷག་མས་སླར་ཡང་བོད་དུ་སྐྱེ་ན་ཐང་།།
    སྔར་བཞིན་<<སྐུ་དྲག་སྒོ་འགྲམ>>ཉུལ་ནས་འུ་ཐུག་མཆིས་ཞགས་འཕེན་ན་ཐང་།།
    དེ་འདྲ་དེ་ལ་ཞེད་སེམས་མ་སྐྱེས་འོག་མིན་བདེ་ལྡན་ཞིང་དུ་བསྐྱོད།།

    ཅེས་པ་འདི་ནི་རང་ཉིད་ཆེས་དགའ་སའི་རྩོམ་པ་པོ་ཀླུ་ཚང་བློ་བཟང་ཡེ་ཤེས་སམ་ཀླུ་ཚང་བུ་མོ་ལྷ་རིལ་མ་གྲོངས་པའི་གཏམ་ངན་གོ་རྗེས་ ཐོལ་བྱུང་དུ་འགྱོད་གདུང་དྲག་པོའི་ངང་ནས་ཁོང་གི་གྲོགས་ཀྱི་མིང་ཙམ་འཛིན་པ་ཨ་རིག་དགེ་མཐོང་འབོད་པའི་བྲིས་པའོ།།
    གསལ་བཤད་ཅིག་ལ། འདི་སྔོན་མ་<<ལྷོ་ཕྱོགས་ཕོ་ཉ>>་སྟེང་བཀོད་མོད་དེ་རིང་བསྐྱར་དུ་ཁ་སྣོན་ཅུང་ཙམ་བྱས་ཡོད།

  • མཆན་བུ་མེད་།

    མཆན་བུ་མེད་།.

    RSS feed for comments on this post. TrackBack URI

    མཆན་ཞོག

    WordPress Themes