བོད་དོན་བསྐྱར་གླེང་།
ཉེ་ཆར་ཕྲན་གྱིས༼བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས༽དུས་བབ་དྲ་རྒྱ་དང་འོད་དཀར་ཟིན་བྲིས་སོགས་སུ་སྤེལ་རྗེས། བོད་ཕྱི་ནང་གཉིས་ནས་ཁ་པར་མ་འདྲ་བ་ཁག་འགའ་འབྱོར་བ་དང་ཁོང་ཚོས་བོད་དོན་བསྐྱར་གླེང་ཞིག་ཅིས་ཀྱང་ཕྲན་ནས་འགོ་འཛུགས་བྱེད་འོས་པའི་བསྐུལ་མ་གནང་སོང་། ཡིན་ནའང་། སློབ་སྦྱོང་ལ་བྲེལ་བ་ཆེ་བ་དང་འཚོ་སྡོད་སླད་གླ་ལས་བྱེད་དགོས་པ་སོགས་ཀྱི་དབང་གིས་དེ་རིང་བར་བརྗོད་གཞི་འདིར་ལག་པ་འཆིང་བའི་དུས་ཚོད་རེག་མ་སོང་།
མ་གཞི་བོད་དོན་བསྐྱར་གླེང་ནི་གཏེར་མཛོད་ཅིག་གི་ཁ་ཕྱེས་པ་ལྟ་བུའི་བརྗོད་གཞི་ཞིག་ཡིན་པར་མ་ཟད། རྩོམ་ཐུང་ཁ་ཤས་ནང་འདུ་ཐབས་ཡོད་པའི་དོན་དག་ཅིག་མིན་མོད། ནག་རིལ་གདོང་འདེད་ཀྱི་དཔེ་ལས་གཡོལ་ནས་དཀར་རིལ་ལྡིང་ཤེས་ཀྱི་ཚུལ་ལ་འཇུས་ཏེ། མཛུབ་མོས་རི་བསྟན་ལྟ་བུའི་འཕྲེད་ལམ་ཞིག་ལ་འཇུག་རྩིས་ཡིན་ཞིང་། དེང་སྐབས༼བོད་དོན༽ལ་འགྲེལ་བཤད་སྣ་ཚོགས་ཤིག་ཐོན་བཞིན་པས། ཐོག་མར་བོད་དོན་གྱི་གོ་དོན་མ་ནོར་བ་ཞིག་མི་རྣམས་ཀྱི་མིག་འདུན་ལ་བཤམས་ཨེ་ཐུབ་ལྟ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་འདོད།
བོད་དོན་ལ་སྒྲ་ཡངས་དོག་གཉིས་ཀྱི་ལམ་ནས་ལྟ་འོས་ཤིང་། ཟོར་ཡངས་པོའི་ལམ་ནས་ལྟ་སྐབས། བོད་དོན་ནི་སྤྱི་དོན་ཞིག་སྟེ། གཙོ་བོ་ཕྱོགས་གཉིས་སུ་དབྱེ་ཆོག་ཅིང་། ཁོར་ཡུག་གིས་བསྐྱེད་པའི་གནམ་གཤིས་དང་ཆུའི་གནད་དོན། དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན། སྔ་མའམ་གནམ་གཤིས་དང་ཆུའི་གནད་དོན་ཐད་ཀར་གངས་ཅན་མཐོ་སྒང་གི་ཁྱིམ་མཚེས་གྱུར་བའི་ཨེ་ཤི་ཡ་ཤར་མ་དང་ལྷོ་མ་འདུ་བའི་འཛམ་གླིང་སྤྱིའི་མི་འབོར་གྱི་གཉིས་ཆའི་གཅིག་གམ། ཧ་ལམ་མི་འབོར་དུང་ཕྱུར་སུམ་ཅུ་ལྷག་གི་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དཔེར་ན། ཉིན་ཤས་ནང་འབྲི་ཆུའི་གཞུང་རྒྱུད་དུ་ཐེབས་པའི་ཆུ་སྐྱོན་གྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་བྱུང་མེད། ཕྱི་མ་སྟེ་དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན་ལ་མཚོན་ན། དེང་གི་ཆར་བདེ་འཇགས་གནད་དོན་ཐད་ཀྱི་ཚོར་བ་ཟབ་ཤོས་དེ་དང་འཇིགས་དངངས་ཆེ་ཤོས་དེ་རྒྱ་གར་ལ་བསྐྱེད་ཀྱིན་ཡོད་པས། དམག་དོན་དེང་རབས་ཅན་གྱིས་རྒྱལ་ཁབ་བདེ་འཇགས་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མེད་པའི་ཁར། ས་མདུད་འཐབ་ཇུས་ཀྱི་བྱེད་ནུས་དུས་རབས་གང་འཚམས་ནང་མུ་མཐུད་ནས་གནས་རྒྱུ་ཡིན་པའང་གསལ་སྟོན་གནང་ཐུབ་ཡོད།
སྒྲ་དོག་འཇུག་གི་ལམ་ནས་ལྟ་སྐབས། བོད་དོན་ནི་བོད་མིའི་མངོན་འདོད། འཚོ་གནས་རྒྱུན་མཐུད་དང་བོད་རིག་པ་དར་སྤེལ་སོགས་ལ་གོ་འོས་ཤིང་། སྔ་མ་ནི་ཕྱི་ལོ ༢༠༠༨ལོའི་ཞི་རྒོལ་ཆེན་མོས་མཚོན་གྱི་ཡོད་པ་དང༼བོད་རང་བཙན་དང་རྒྱལ་བ་རིན་པོ་ཆེ་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་རྒྱུ༽གཉིས་འབུར་ཐོན་རང་བཞིན་ཅན་གྱི་འབོད་སྐད་གཉིས་ཡིན་ཞིང་། དེ་ལ་འགྲེལ་ཚུལ་མ་འདྲ་བ་ཁག་གཉིས་ཐོན་གྱི་ཡོད་ནའང་། དོན་ལ་པེ་ཅིན་གྱི་དབང་བསྒྱུར་འོག་འདུག་མ་འདོད་པའམ། མི་ལོ་དུ་མའི་མཉམ་གནས་བརྒྱུད་ནས་སུན་སྣང་། ཡིད་ཆད་དང་འཇིགས་སྣང་ལས་བདེ་སྐྱིད་ཀྱི་སེམས་ཁམས་སམ་མགུ་ཁེངས་མ་ཐུབ་པའི་མཐའ་འབྲས་ཉག་གཅིག་ཡིན་པ་དང་། ད་གཟོད་ལོ་རྒྱུས་ཀྱི་གནས་བབ་བསྐྱར་གསོར་དམིགས་པའི་སད་རྟོགས་རང་བཞིན་གྱི་ལས་འགུལ་ཞིག་ཏུ་གྱུར་ཡོད། དཔེར་ན། སྐབས་དེར་ཨ་མདོ་རྨ་ཆུ་རྫོང་ཁོངས་སུ་རྔམ་སྟོན་ཁྲོམ་བསྐོར་བྱུང་བའི་ཁྲོད་གཞི་རིམ་སྲིད་གཞུང(རྒྱ་སྐད་ནང་ཤང་ཞེས་འབོད)ཁག་རེ་གཉིས་ཀྱི་འགན་འཛིན་ཚོར་སད་ཡིག་རྒྱག་ཏུ་བཅུག་ཡོད་པ་དང་། རྔམ་སྟོན་ཁྲོམ་བསྐོར་པ་གཞན་ཚོར་ཁ་པར་བཏང་ནས་ང་ཚོས་འདི་གའི་གཞི་རིམ་སྲིད་གཞུང་བླངས་ཚར་ཡོད། ཁྱོད་ཚོས་ལེན་ཐུབ་སོང་ངམ་ཞེས་དྲིས་ཡོད་པ་ལྟ་བུ་ཡིན། དེ་ཡིས་ག་རེ་སྟོན་བཞིན་ཡོད་དམ་ཞེ་ན། རང་གི་བདག་པོ་རང་ཉིད་མ་གྱུར་བའི་ཡར་སྔོན་ནས་མ་འོངས་ལམ་ཁ་ཆ་ཚང་འགག་ཚར་ཡོད་པ་ཤེས་ཡོད་པས། གཞི་རིམ་སྲིད་གཞུང་ཚུར་ལེན་པའི་བྱ་བར་གཞོལ་བར་གོ་བ་བླངས་ཆོག
བར་མའམ་འཚོ་གནས་ལ་མཚོན་ན། འཚོ་ཞིང་གནས་པ་སྟེ་ཟ་འཐུང་འགྲོ་སྡོད་ཙམ་ལས་བརྒལ་ནས་མུ་མཐུད་དུ་མི་རིགས་ཤིག་གི་ངོ་བོ་རྒྱུན་སྐྱོང་ཐུབ་མིན་ལ་འབྲེལ་བ་ཆགས་ཡོད་ལ། ངོ་བོ་ཞེས་པ་དེའང་བོད་ལྭ་ཙམ་གྱོན་པ་དང་བོད་ཡིག་གི་སྒོ་བྱང་ཙམ་མཐོང་རྒྱུ་ཡོད་པ་མ་ཡིན་པར་ཕྱི་མའམ་བོད་རིག་པའི་བེད་སྤྱོད་དང་དར་སྤེལ་ལ་རྒྱུན་མཐུད་ཐུབ་དགོས་ཀྱི་ཡོད་ལ། བོད་རིག་པའི་རྒྱུན་མཐུད་དང་དར་སྤེལ་ཡང་བསྐྲུན་པ་པོ་མི་རིགས་འདིའི་ངོ་བོ་རྒྱུན་སྐྱོང་དགོས་དོན་ལ་ཐུག་ཡོད། རྒྱུ་མཚན་གཙོ་བོ་གཅིག་དེ་བོད་དོན་དེ་བཞིན་སྤྱི་དོན་ཡིན་པ་གང་ཞིག་ལ་སྤྱི་དོན་ལེགས་འགྲུབ་ཡོང་བར་བོད་མི་དང་འབྲལ་ཐུབ་མེད་པའི་འབྲེལ་བ་ཞིག་ཆགས་ཡོད། དེ་ལས་ལྡོག་ན། བོད་རིག་པ་ཁོ་ནའི་སྲུང་སྤེལ་ཡིག་རིགས་གཞན་དང་མི་རིགས་གཞན་དུའང་རྒྱུན་མཐུད་ཐུབ་ཀྱི་ཡོད།
བོད་རིག་པའང་མཚན་ཉིད་རིག་པ། ཆོས་ལུགས། རྩོམ་རིག སྒྱུ་རྩལ། ཀུན་སྤྱོད། མཛེས་རིག་སོགས་འདུ་བའི༼བསམ་བློའི་རིག་གནས༽དང་། ཟ་གོས་འགྲོ་སྡོད། ཐོན་སྐྱེད་དམ་ཞིང་ཕྱུགས་ནགས་ལས་ཉ་ལས། དཔལ་འབྱོར་འཁོར་བསྐྱོད། ཚན་རིག་ལག་རྩལ(འདིའི་ནང་དུ་སྐར་རྩིས། ལི་ཐོ་དང་གསོ་བ་རིག་པ་ཚུད།) བཅས་གཙོར་བཟུང་བའི༼དངོས་པོའི་རིག་གནས༽ གུས་བརྩིའི་ལམ་སྲོལ། ཁྲིམས་སྲོལ། དཔོན་བསྐོའི་སྒྲིག་སྲོལ། དམག་ཁྲིམས། ས་ཁོངས་བརྒྱུད་འཛིན་སྒྲིག་སྲོལ། སློབ་གསོའི་ལམ་སྲོལ། ཁྲལ་དང་པེ་ཤག་གི་ཁྲིམས་སྲོལ། འཇལ་འདེགས་ལམ་སྲོལ། ལོ་རྩིས་གཏན་འབེབས་ལམ་སྲོལ། སྤྲུལ་སྐུའི་ལམ་ལུགས། ཆོས་སྲིད་ཟུང་འབྲེལ། མི་རིགས་ས་གནས་རང་སྐྱོང་། ཡུལ་གྱར་དམངས་གཙོ་འདུ་བའི༼སྒྲིག་སྲོལ་རིག་གནས༽བཅས་ཀྱི་ཁྱབ་ཁོངས་ནང་རྟོག་ཞིབ་དང་འཚོལ་ཞིབ་བྱས་ཆོག
དེ་བས། བོད་རིག་པ་ཞེས་གླེང་མ་ཐག་ནང་ཆོས་ཁོ་ན་ཡིན་པར་འཆད་ཀྱིན་པ་དེ་མཐའ་གཅིག་ཏུ་ལྷུང་བའི་ལྟ་ཚུལ་ཞིག་ཡིན་པར་མ་ཟད། བོད་དེ་བཞིན་སྔར་ནས་དེང་གི་ཆ་ལའང་བོན་ཆོས། ནང་ཆོས། ཁ་ཆེ། ཡི་ཤུ་བཅས་ཆོས་ལུགས་ཆེན་པོ་བཞི་མཉམ་གནས་མཉམ་སྤེལ་གྱི་བསྟི་གནས་ཡན་གར་བ་ཞིག་ཏུ་གྱུར་ཡོད་པས། དེང་སྐབས་རྒྱལ་བ་རིན་པོ་ཆེ་ནས་ཆོས་ལུགས་ཞི་མཐུན་ཐད་ཕྱག་ལས་གནང་བཞིན་པ་དེར་རྟེན་འབྲེལ་གྱི་ངོ་བོར་གྲུབ་ཡོད། བོད་ནང་སྔར་ཆོས་ལུགས་ཆེན་པོ་བཞི་ལ་དེ་འདྲའི་ཞི་མཐུན་མཉམ་གནས་ཀྱི་གནས་སྟངས་ཤིག་ཡོད་པ་ནི་འཛམ་གླིང་གི་མིག་དཔེ་ལྟ་སར་གྱུར་ཡོད་ལ། གནས་སྟངས་དེ་སྲུང་སྐྱོབ་བྱེད་འོས་པའང་བཤད་མ་དགོས་པའི་དོན་དག་ཅིག་ཡིན།
ཕྲན་གྱིས་ག་དུས་ཀྱང་བོད་དོན་ནི་མི་རིགས་ཤིག་གི་སྲིད་དོན་མངོན་འདོད་ལས་བརྒལ་ནས་འཛམ་གླིང་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ལ་མཐོང་བཞིན་པར་མ་ཟད། མཐོང་བ་དེ་བཞིན་རྒྱ་ཡིག་ནང་ངོ་སྤྲོད་བྱས་ཡོད་པ་དང་། དབྱིན་ཡིག་ནང་དུའང་ངོ་སྤྲོད་བྱས་ཡོད་ལ། སྒོས་སུ་ཨོ་སིོ་ཁྲི་ལི་ཡའི་གཞུང་འཛིན་ཚོགས་པའི་མདུན་སྡོད་སྤྱི་འཐུས་མཆོག་ལའང་ལོ་ཙཱ་བ་བརྒྱུད་ནས་ངོ་སྤྲོད་ལྷུག་པོ་བྱེད་མྱོང་ཡོད་པའི་ཁར། སྤྱི་འཐུས་མཆོག་སྒེར་ངོས་ནས་དེ་ག་ནང་བཞིན་ངོས་ལེན་གཙང་མ་གནང་ཡོད་པ་དང་། སྐབས་དེའི་སྲིད་བློན་མཆོག་གཙོས་གནད་ཡོད་མི་སྣའི་ཁྲོད་གླེང་སློང་གནང་བར་ཞལ་བཞེས་ཀྱང་ཐོབ་ཡོད། འོན་ཀྱང་། ཚང་མས་ངེས་པར་དུ་ཤེས་དགོས་པ་ནི་འདི་ལྟར་ངོ་སྤྲོད་བྱས་པ་ཙམ་མ་ཡིན་པར་དེར་མཐུན་གྱི་འོས་འགན་ཡང་ཁོང་ཚོར་ངོ་འཕྲོད་ཐུབ་དགོས་པ་ནི་བོད་དོན་འདི་བཞིན་བོད་མི་ཙམ་མ་ཡིན་པར་ཚང་མར་འབྲེལ་བ་ཆགས་ཡོད་སྟབས། གཞན་དོན་དང་རང་དོན་གཞི་གཅིག་ཏུ་གྲུབ་པའི་དངོས་དོན་ལས་འཕྲོས་པའི་ཐག་གཅོད་གཙང་མ་ཞིག་ཡོང་འོས་མིན་ལ་ཐུག་ཡོད།
དྲང་མོར་བཤད་ན། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པས་ཚན་རིག་གི་སེམས་ཁམས་ཞིབ་འཇུག་ཐད་ལག་རྗེས་བཞག་དང་འཇོག་གིན་ཡོད་མོད། དེ་ནི་ཚན་རིག་པ་སྟེ་མི་འབོར་ཉུང་ཤས་ཤིག་གི་ནང་དུ་མ་གཏོགས་ངོས་ཟིན་དང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་མེད་ལ། ཤུགས་རྐྱེན་དེའང་གོམ་པ་རིམ་བགྲོད་ཀྱི་ལམ་ནས་ཐེབས་ཀྱིན་པ་ཞིག་ཡིན་ཞིང་། བོད་ཀྱི་ཁོར་ཡུག་གིས་བསྐྱེད་པའི་འཇིག་དངངས་དེ་ལས་ལྡོག་ནས་མི་རེ་ངོ་རེ་དང་རྒྱལ་ཁབ་རེ་རེ་ཡི་མ་འོངས་པར་འབྲེལ་བ་ཆགས་ཀྱི་ཡོད་པས། དེ་དོན་ལ་དོ་སྣང་མི་སྤྲོད་རང་སྤྲོད་ཅིག་ཆགས་ཀྱི་ཡོད།
བོད་དོན་བསྐྱར་ཞིབ་ཀྱི་རིམ་པ་དེ་བཞིན་ཐེངས་རྗེས་མའི་བརྗོད་གཞིའི་ནང་གླེང་སློང་བྱེད་རྩིས་ཡིན་ཞིང་། ཐེངས་འདིར་ཚང་མས་བོད་དོན་བསྐྱར་གླེང་སྒང་བགྲོ་གླེང་དང་དགོངས་ཚུལ་ཤུགས་ཆེར་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན།
ཕྱི་ལོ ༢༠༡༠ལོའི་ཟླ ༧ཚེས ༢༩ཉིན་རྒྱ་མཚོ་ཆེན་པོའི་གླིང་ནས་སྦྱར་བ་དགེའོ།