བྱ་མདོ་རིན་བཟང་ལ་བཅར་འདྲི་བྱས་པ།

  • བཅར་འདྲི་བྱེད་མཁན།<<སྤྱི་ཚོགས་མེ་ལོང་>>གི་གསར་འགོད་པ།ཨ་རིག་དགེ་མཐོང་།

    དྲི་བ་དང་པོ། ཁྱེད་རང་གི་ལོ་རྒྱུས་སམ་ངོ་སྤྲོད་མདོར་བསྡུས་ཤིག
    ལན། ངའི་མིང་ལ། རིན་ཆེན་བཟང་པོ། བྱ་མདོ་རིན་བཟང་ཡང་ཟེར།
    ད་ལྟ་རང་ལོ་༣༧ །
    ཕ་ཡུལ། བྱ་མདོ་བོན་སྐོར་རམ་ཨོཾ་སྐོར་ཡང་ཟེར།
    ཆུང་དུས་ཕྱུག་རྫི་ཡིན། རང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་།
    སློབ་གཉེར་བྱེད་ཡུལ་གྱི་ཆོས་སྡེ། ཚ་རྔ་དགོན། མཐོ་ལས་དགོན། སྡེ་ཚ་དགོན། བླ་བྲང་། ལྷ་སའི་འབྲས་སྤུངས་དགོན་བཅས་ཡིན།
    རང་གི་བྲིས་པའི་དེབ་ལ། 《བཤོལ་མེད་གྱི་ལམ་བུ།》 《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ།》 《ངའི་ཕ་ཡུལ་དང་གཟབ་ཉན།》《 དབུ་ཕར་སྐོར་གྱི་དོགས་འཕྲོས། 》《ཨ་ལགས་མ་ཎི་བའི་རྣམ་ཐར་ཟིན་བྲིས། 》《 ཐར་ལམ་གསལ་བྱེད་གྱི་དོགས་འཕྲོས།》 《ལོ་རྒྱུས་ཟིན་ཐོ་》ཞིག་དཔར་སྐྲུན་བྱེད་རྩིས་ཡོད། ད་དུང་རྐྱེན་ལམ་ཤོར་ཟིན་པའི་དཔེ་དེབ་གཉིས་བཅས་ཡོད། བོད་ནང་དཔར་སྐྲུན་བྱེད་མ་ཐུབ་པའི་《དཔའ་པོའི་ཆོད་སེམས་》ཞེས་པའི་དཔེ་དེབ་ནང་དུ་ངའི་མི་ཚེ་བྱུང་རིམ་ཞིག་བསོད་ནམས་རྒྱ་མཚོའི་ཟིན་བྲིས་《ལམ》་ཞེས་པར་གསལ་བོ་བྲིས་འདུག
    ད་ལྟ་མཐོ་ལས་དགོན་པར་སློབ་གཉེར་རེ་བྱེད་བཞིན་བསྡད་ཡོད།
    དྲི་བ་གཉིས་པ། ཁྱེད་ཀྱིས་ཆབ་སྲིད་སྐོར་བྲིས་པའི་རྩོམ་ཡིག་ལས་དེབ་ནང་དུ་ག་ཚོད་ཅིག་བཀོད་པ་དང་དེབ་ནང་དུ་འགོད་མ་ཐུབ་པ་ག་ཚོད་ཡོད། དེ་གཉིས་ཀའི་ནང་གི་གནད་འགག་ཆེ་ཤོས་གང་ཡིན།
    ལན།
    གཙོ་བོ་《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་》དང་《ངའི་ཕ་ཡུལ་དང་གཟབ་ཉན་》གཉིས་པར་ཏུ་བསྐྲུན་ཟིན་པ་དེ་རེད། སྤྱིར་ན་དེ་འདྲའི་དེབ་ལྔ་ཕུལ་རྒྱུའི་རྩོམ་ཡིག་ཆ་ཚང་བསྡུ་ལེན་བྱས་ཟིན་ན་ཡང་། རྐྱེན་དབང་གིས་ཆ་ཚང་ལེགས་འགྲུབ་བྱུང་མ་སོང་། ང་བརྒྱད་སྐོར་ལ་དེབ་གཉིས་ལྷག་(དམིགས་ཡུལ་གཙོ་བོ་ནི་སྤྱི་ལོ་ང་བརྒྱད་ཡས་མས་གནད་འགག་ཅན་གྱི་ལོ་ངོ་ཉི་ཤུ་ལྷག་གི་ལོ་རྒྱུས་ལ་ཁ་སྐོང་ལྟ་བུ་ཨེ་ཉན་བསམ་ནས་བྲིས་པ་ཡིན)དང་དེང་སྐབས་ཀྱི་གནས་སྟངས་སྐོར་ལ་དེབ་གཉིས་ལྷག་བཅས་ཡོད་པ་རེད། དེང་སྐབས་ཀྱི་གྲོང་སྡེ་གསར་བའི་ཐད་ལ་རྒན་པོ་འགའ་རེར་བཅར་འདྲི་བྱས་པའི་དཔེ་དེབ་གཉིས་ཀྱི་རྩོམ་ཡིག་མ་ཕྱི་དང་བཅས་ཆ་ཚང་རྒྱ་མིས་ཁྱེར་སོང་བ་རེད། ཞིབ་ཏུ་བསམ་ན་གནད་འགག་ཆེ་ས་དེ་འདི་གཉིས་ཡིན་རྒྱུ་རེད་བསམ། ལྷ་སའི་འབྲས་སྤུངས་དགོན་པར་ཡོད་དུས《ཁྲག་དང་འདྲེས་པའི་མིག་ཆུ་དྲོན་མོ ཁག་དང་པོ》་ཟེར་བའི་ཉིན་ཐོ་ཤོག་སྡེབ་སུམ་ཅུ་ལྷག་ཅན་ཞིག་རྒྱ་མིའི་ལག་ཏུ་ཤོར་སོང་བ་དེ་ལྷ་སའི་ནང་ཁུལ་གྱི་གནས་སྟངས་སྐོར་བྲིས་ཡོད། བོར་སོང་བ་དེ་དག་ད་ལྟ་ཡང་བསྐྱར་འབྲི་བསམ་ན་སྔོན་མ་ནང་བཞིན་གྱི་འཚོར་སྣང་གསོན་པོ་དེ་དག་མེད་པས་ཉིན་ཐོ་རྫུན་མ་ལྟ་བུར་ཆགས་འགྲོ་བས་འབྲི་ཀི་མེད། འོན་ཀྱང་བོད་ནང་གི་ཟིན་ཐོ་ཕྱོགས་བསྡུས《དཔའ་བོའི་ཆོད་སེམས་》ཟེར་བའི་དེབ་དེའི་ནང་དུ་འབྲི་སྟངས་འབོལ་རྩོམ་ལྟར་བྲིས་པ་འགའ་རེ་ཡོད།
    དྲི་བ་གསུམ་པ། སྐུ་ཉིད་བཙོན་ཁང་དུ་མྱོང་བའི་མནར་གཅོད་གྱི་གོ་རིམ་གསུང་ན་ཆོག་གམ། ཆོག་ན་དོན་བསྡུས་ཤིག་གསུངས་རོགས།
    ལན།
    ང་རང་ཐེངས་གསུམ་ལ་འཛིན་བཟུང་བ་རེད། ཐེངས་དང་པོ། ལྷ་ས་ནས་ཕ་ཡུལ་ལ་མེ་འཁོར་ནང་འགྲོ་སྐབས་ནག་ཆུ་ནས་བཟུང་བ་རེད།《ཁྲག་དང་འདྲེས་པའི་མིག་ཆུ་དྲོན་མོ》་ཞེས་པའི་རྩོམ་ཡིག་བྲིས་པའི་རྐྱེན་ཡིན་པ་འདྲ། འདིའི་བརྒྱུད་རིམ་《ང་མེ་འཁོར་ལས་བོར་སོང་》ཞེས་པར་གསལ་བོར་བྲིས་ཡོད། ཐེངས་གཉིས་པ། མགོ་ལོག་ཁུལ་ཐོག་ནས་བཟུང་བ་རེད། འདིའི་བརྒྱུད་རིམ་ནི་གསལ་བོ་གཏན་ནས་མི་ཤེས་ཀི ཞག་མ་གཅིག་གནམ་ཐག་རྒྱབ་ཏེ་འཕྱང་ནས་བཞག་པ་རེད། ཁྱེད་རང་གི་དམིགས་ཡུལ་གང་ཡིན་དང་། གཞོན་ནུ་ཚོགས་པའི་ཚོགས་མི་རེད་ཟེར། ཐེངས་གསུམ་པ། གསེར་རྟ་ནས་བཟུང་བ་རེད། དཔེ་དེབ 〈ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་〉དང་ 〈ངའི་ཕ་ཡུལ་དང་གཟབ་ཉན〉་གཉིས་འགྲེམ་སྤེལ་བྱས་པས་རྐྱེན་གྱི་རེད། ཐེངས་རེར་ཟླ་གཅིག་ལྷག་རེར་བཀག་གཉེར་བྱས་པ་རེད། བཙོན་ཁང་དུ་མནར་གཅོད་གཏོང་སྐབས་སུ ༧སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་རྒྱས་བཞིན་པ་དང་བཙན་བྱོལ་སྤྱི་ཚོགས་ཆ་ཚང་བ་ཞིག་འཛམ་བུ་གླིང་དུ་བསྐྱོད་བཞིན་ཡོད་བསམ་ནས། ཤར་སྒོམ་ལྟ་བུ་རེ་བྱས་ན་སེམས་ཤུགས་མི་ཉམས་པ་དང་བློ་ཕམ་ཀི་མི་འདུག ཁོ་ཚོས་ང་ལ་་་ཁྱོད་བོའུ་མ་བརྒྱབ་པར་མི་གསོད་མཁན་གྱི་ལག་དམར་རེད་ཟེར། ཁྱེད་རང་གི་རྩོམ་ཡིག་ཐམས་ཅད་ནང་གུང་ཁྲན་ཏང་ལ་ངན་སྨྲས་སྣ་ཚོགས་བྱས་འདུག་པས། གུང་ཁྲན་ཏང་གིས་ཁྱེད་ཀྱི་ཨ་ཕ་བསད་དམ་ཨ་མ་བསད་པ་རེད་ཟེར་ནས་གཅར་རྡུང་མི་བཟོད་པ་བྱས་སོང་།
    ང་རང་ད་ལྟ་རྒྱུན་ལྡན་མིན་པའི་ནད་གཞི་གིས་བཟུང་ཡོད། ལན་རེར་བློ་རིག་ཧ་ཅང་གསལ་ལ་སྐབས་རེར
    གསལ་ལ་སྐབས་རེར་མུན་པ་ལྟ་བུའི་སྣང་བ་ཞིག་བྱུང་ཀི་འདུག རྒྱུ་མཚན་གསལ་བོ་མི་ཤེས།
    དྲི་བ་བཞི་བ། བཙན་བྱོལ་ནང་གི་གཞུང་སྒེར་གྱི་ལས་འགུལ་སྤེལ་སྟངས་ཐད་དུ་བསམ་འཆར་འདྲ་ཡོད་དམ། ཡང་ན་ལས་འགུལ་སྤེལ་ཐབས་ལེགས་པོ་རེ་གསུང་རྒྱུ་ཨེ་ཡོད།
    ལན།
    བཙན་བྱོལ་ནང་བོད་ནང་གི་གནས་ཚུལ་ངོ་མ་ཁྱབ་བསྒྲགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ད་དུང་རིག་གནས་ཐད་ཀྱི་ལས་འགུལ་རྒྱ་ཆེན་པོ་སྤེལ་ན་བཟང་རྒྱུ་རེད། དཔེར་ན། གཞུང་འབྲེལ་ངོས་ནས་རིག་གཞུང་ཐད་ལ་བགྲོ་གླེང་རྒྱ་ཆེན་པོ་འཚོགས་རྒྱུ་གལ་ཆེན་པོ་རེད། བཙན་བྱོལ་ནང་དགོན་པའི་རིག་གནས་(མཚན་ཉིད་རྩོད་གྲྭ)ནི་རྒྱ་ཆེན་པོ་དར་རྒྱས་བྱུང་འདུག་ལ། དེང་སང་གི་སྐད་ཆས་བཤད་ན་སྐྱ་བོའི་རིག་གནས་ནི་དེ་འདྲའི་ཆ་ཚང་མོ་ཞིག་མ་རེད་བསམ། བཙན་བྱོལ་ནང་རང་ཉིད་ཀྱི་ལས་དོན་ཨང་དང་པོ་དང་མི་རིགས་ཀྱི་ལས་དོན་ཨང་གཉིས་པར་བཟུང་ནས་བྱ་བ་སྒྲུབ་ཀི་འདུག འདི་ངའི་རྣམ་རྟོག་ཡིན་འང་ཐང་།
    དྲི་བ་ལྔ་བ། ངེད་ཅག་གི་ཚགས་པར་འདི་བརྒྱུད་ནས་བསམ་འཆར་འདྲ་གསུང་རྒྱུ་ཨེ་ཡོད།
    ལན།
    བཙན་བྱོལ་ནང་ནད་གཞི་ཚབ་ཆེན་ཞིག་ཡོད་པ་ནི་ཆོལ་ཁའི་ཕྱོགས་རེས་དེ་རེད། དེ་ལྟར་མི་བྱེད་པར་ལྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ང་རང་གི་རེ་བ་ཡང་ཡིན། བོད་ནང་དུ་སོ་སོ་མི་རིགས་ཀྱི་རང་ཚུགས་འཛིན་རྒྱུ་དེ་རེད།
    ད་དུང་བོད་སྐད་ནང་དུ་དབྱིན་སྐད་བསྲེས་བཞིན་པ་ནི་བོད་ནང་དུ་བོད་སྐད་ནང་རྒྱ་སྐད་བསྲེས་པ་ལས་ཚབ་ཆེན་པོ་རེད།གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད།
    བོད་ནང་དུ་ཕ་སྐད་གཙང་མའི་གླེང་བརྗོད་དེ་འདྲ་བཙན་བྱོལ་ནང་དུ་ལྷག་པར་དགོས་མཁོ་ཆེན་པོ་འདུག ང་ཚོ་མི་རིགས་ཀྱི་ངོ་བོ་ནི་མི་རིགས་གང་གི་ནང་དུ་ཐིམ་ན་ཡང་མི་ཆོག་པ་ཞིག་རེད།

    མཐའ་དོན། ཉིད་ཀྱིས་ངེད་ཅག་གི་བཅར་འདྲི་དང་ལེན་བྱས་པ་ཐུགས་རྗེ་ཆེ་ཞུ།

  • མཆན་བུ་མེད་།

    མཆན་བུ་མེད་།.

    RSS feed for comments on this post. TrackBack URI

    མཆན་ཞོག

    WordPress Themes