བོད་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ་ངོ་སྤྲོད་མདོར་བསྡུས།


དེ་ཡང་བོད་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་ནི་སྤྱི་ལོ་༡༣༤༢ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དངོས་སློབ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་འདེབས་མཛད། ད་ལྟ་དགོན་པ་འདིར་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་གྲྭ་ས་གསུམ་དང་། རེབ་གོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པ་མཆོག་དབུ་བཞུགས་ཀྱིས་དགེ་འདུན་པ་དྲུག་བརྒྱ་ཙམ་བཞུགས། ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ་ནི། རེབ་གོང་སྐྱབས་མགོན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གི་དབུ་ཁྲིད་འོག་གདན་ས་ཆེན་པོ་འདིའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སེམས་ཅན་གྱི་བདེ་སྐྱིད། སྒོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་ཆོས་ལུགས། ཁྱད་པར་དུ་ད་ལྟའི་སྤྱི་ཚོགས་སྟེང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྤྱི་དང་།
བྱེ་བྲག་ཏུ་ནང་བསྟན་རིག་གནས་ཀྱི་རིན་ཐང་ཧ་ཅང་ཇེ་ཞན་དུ་འགྲོ་བའི་ཆག་འཇིག་གི་སྐབས་འདིར། ང་ཚོ་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མི་རིགས་རིག་གནས་བརྒྱུད་འཛིན་དང་དར་སྤེལ། གྲུབ་མཐའི་མཐུན་ལམ། བོད་པའི་གོམས་གཤིས་བཟང་བོ་རྒྱུན་ཆགས་སུ་གནས་ཐུབ་པའི་དགོས་མཁོ་སོགས་ལ་དམིགས་སྟེ་ད་ལོ་དངོས་སུ་གསར་དུ་བཙུགས་པ་རེད་ལགས། ཆོས་ཐོག་འདི་འཛུགས་པ་ལ་ཁྲི་ཟུར་ཁ་སོ་རིན་པོ་ཆེ་ནས་ལོ་སྔོན་མར་ཆོས་ཐོག་འདིའི་ཐེབས་རྩ་དམངས་སྒོར་ཁྲི་དྲུག་ཅུ་བཞག་པ་དང་། ད་ལོ་ཡང་དེའི་ཐད་དཔལ་
འབྱོར་གྱི་བདག་རྐྱེན་རྒྱ་ཆེན་གནང་བ་མ་ཟད། ཐེབས་རྩའི་སྟེང་ཡང་བསྐྱར་དམངས་སྒོར་ཁྲི་བཅུ་བཞག་པ་སོགས་འཇང་དགུན་ཆོས་འདི་ལ་སྔ་གཞུག་བར་གསུམ་གང་དུ་ཡང་སྐུ་དྲིན་ཆེན་པོ་ཡོད། ཆོས་ཐོག་འདིའི་དངོས་གཞི་ནི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་བོད་ཟླ་བདུན་པའི་ཚེས་ལྔ་ནས་ཚེས་བཅུ་བཞི་བར་ཡིན་ལ། དང་པོ། འཇང་དགུན་ཆོས་སྟེང་ཞུགས་ཚུལ། དགོན་པ་མང་ཤོས་ཞིག་གདན་འདྲེན་ཞུས་པ་ལྟར་དགོན་པ་སོ་སོའི་དགེ་རྒན་དང་འགན་འཁུར་མི་སྣས་སྣེ་ཁྲིད་བྱས་པ་བརྒྱུད་ནས་ཚོགས་གྲལ་དུ་ཞུགས་ཆོག་པའི་དཔང་རྟགས་འཛིན་ཡིག་སྤྲད་པ་དང་། དགོན་གཞུང་ནས་གདན་འདྲེན་ཞུ་ཡིག་མེད་པར་སྒེར་ངོས་ནས་ཞུགས་པ་རྣམས་ལ་ད་ལོའི་རྩོད་གཞུང་གི་ཁ་ཐུག་ནས་རྒྱུགས་བླངས་ནས་རྒྱུགས་འཕྲོད་ཚེ་ད་གཟོད་གྲུབ་མཐའ་གང་ཡིན་ཀྱང་ཞུགས་ཆོག་པའི་དཔང་རྟགས་འཛིན་ཡིག་སྤྲད་ནས་ཚོགས་གྲལ་དུ་བཅུག་པ་ཡིན། འཇང་དགུན་
ཆོས་འདིའི་སྟེང་སྟོད་རྒྱ་གར་ནས་ཕེབས་པའི་ལྷ་རམས་པ་བརྒྱད་དང་། ཚོགས་རམས་པ། གླིང་བསྲེས་དགེ་བཤེས། རབ་འབྱམས་པ་སོགས་དགེ་བཤེས་མང་པོ་དང་། ལྷ་ས་སེར་ར་དགོན་པ་དང་། འབྲས་སྤུངས་དགོན་པ་ནས་ཕེབས་པའི་དགེ་བཤེས་འགའ་རེ་ཕེབས་ཡོད་པས། ད་ལོའི་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་
འཇང་དགུན་ཆོས་འདིའི་སྟེང་བོད་མདོ་དབུས་ཁམས་གསུམ་དང་རྒྱ་གར་འཕགས་ཡུལ་སོགས་ཀྱི་དགེ་བའི་བཤེས་གཉེན་མང་པོ་ལྷན་འཛོམས་བྱུང་ཡོད།
གཉིས་པ། སྣེ་ལེན་བྱེད་སྟངས། ཐོག་མར་དགོན་པ་གང་ཡིན་ཀྱང་དགོན་གཞུང་ནས་རྩ་འཛུགས་ཡོད་པའི་དགེ་འདུན་པ་རྣམས་ལ་འབབ་ཇ་དྲངས་པ་དང་དེའི་རྗེས་བཞུགས་གནས་བཀོད་སྒྲིག་བྱས་ཏེ་བཞུགས་ས་གཏན་
འཁེལ་བྱས་པ་མ་ཟད། ཕལ་ཆེར་གྲྭ་བ་རང་རང་གི་ཆོས་གོས་དང་། ཞྭ་བདག མལ་ཆས་མ་གཏོགས་འབུད་ཤིང་དང་བཞེས་བ་མང་ཤས་ཀྱང་རོང་བོ་དགོན་པའི་གཞུང་ནས་གོ་སྒྲིག་བྱས་ཡོད།
གསུམ་པ། འཇང་དགུན་ཆོས་སྟེང་ཕེབས་ཡོད་པའི་དགོན་པ་སོ་སོའི་དཔེ་ཁྲིད་དགེ་རྒན་དང་འགན་འཁུར་བ་
རྣམས་དཀྱུས་གཅིག་ཏུ་ཚོགས་ནས། ད་ལོའི་འཇང་དགུན་ཆོས་སྐབས་ཀྱི་རྩོད་གཞུང་དང་། ཚད་ཆེན་དང་ཚད་ཆུང་གཉིས་ཀའི་དམ་བཅའ་བ་དང་། བགྲོ་གླེང་བ་རྣམས་རྒྱན་འཕངས་ནས་བགོ་བྱ་བྱས་ཏེ་ཉི་མ་རེ་རེར་དགོན་པ་གང་ཡིན་གྱི་དམ་བཅའ་བ་དང་བགྲོ་གླེང་བ་གཏན་འཁེལ་བྱས་པ་མ་ཟད། དེའི་གནས་ཚུལ་ཡིག་ཐོག་ཏུ་ཕབ་ནས་དགོན་པ་སོ་སོ་བཀྲམས་པ་དང་། ཆོས་གྲྭའི་སྒོ་ཆེན་ངོས་སུ་སྦྱར་ནས་དད་ལྡན་མང་ཚོགས་རྣམས་ལའང་ཤེས་སུ་བཅུག་ཡོད།
བཞི་བ། ད་ལོའི་འཇང་དགུན་ཆོས་སྟེང་ཕེབས་པའི་དགོན་པ་དང་དགེ་འདུན་པའི་གྲངས་ཀ འདིའི་སྟེང་
ཕེབས་མཁན་དགེ་ལུགས་པའི་དགོན་པ་སོ་གསུམ་དང་། རྙིང་མའི་དགོན་པ་གཅིག བོན་པོའི་དགོན་པ་གཅིག་བཅས་བསྡོམས་པའི་དགོན་པ་སོ་ལྔའི་དགེ་འདུན་པ་ལྔ་བརྒྱ་ཙམ་ཕེབས་ཡོད་པས་འཇང་དགུན་ཆོས་ཀྱི་ཚོགས་
གྲལ་དུ་རོང་བོ་གདན་ས་གསུམ་གྱི་དགེ་འདུན་པ་དང་བཅས་པའི་དགེ་འདུན་པ་ཆིག་སྟོང་ལྔ་བཅུ་ལྷག་འདུས་ཡོད། ཡིད་སྐྱོ་བ་ཞིག་ལ། སྐུ་འབུམ་དགོན་པ་དང་། བྱ་ཁྱུང་དགོན་པ། བླ་བྲང་དགོན་པ། རྔ་བ་ཀིརྟི་དགོན་པ་གཙོས་དགོན་པ་འགའ་ཤས་ཞིག་གདན་འདྲེན་ཞུས་པ་ལྟར་ཕེབས་ཐུབ་མ་སོང་། གཞན་ཕྱི་དྲོའི་དམ་བཅའ་ཆེན་མོ་དང་། དགུང་མོའི་སྐོར་ཚོགས་དམ་བཅའི་སྟེང་ཟུར་ཞུགས་ཀྱི་དགེ་འདུན་པ་མང་པོ་ཕེབས་ཡོད་པས། དེའི་སྐབས་ཁྱོན་བསྡོམས་དགེ་འདུན་པ་ཆིག་སྟོང་དྲུག་བརྒྱ་ལྷག་ལྷན་འཛོམས་བྱུང་འདུག
ལྔ་བ། ཉིན་དང་པོའི་མཛད་སྒོའི་སྟེང་རེབ་གོང་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཤིས་ཚིག་དང་འབྲེལ་བའི་ད་ལོའི་འཇང་དགུན་ཆོས་འདི་ཉིད་བཙུགས་པའི་དགོས་པ་རྒྱུ་མཚན་སོགས་ཀྱི་གསུང་བཤད་ཁ་ཚ་དགོས་གཏུགས་ཅན་མང་པོ་གནང་བ་མ་ཟད། དམ་བཅའ་ཆེན་མོའི་ཚོགས་མགོར་བཞུགས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་རྩོད་པ་གནང་མཁན་དགེ་འདུན་པ་རྣམས་ཀྱི་རྣམ་དཔྱོད་ལ་གཟིགས་རྟོག་གནང་པ་དང་། ཉིས་ཆའི་སྐབས་ཆོས་གྲྭར་ཕེབས་ནས་ཆོས་གྲྭའི་སྒྲིག་སྲོལ་ལ་ལྟ་རྟོག་གནང་སྟེ་
འགན་འཛིན་པ་རྣམས་ལ་ལེགས་ཉེས་བླང་དོར་འབྱེད་དགོས་པའི་རིགས་ལ་ཁ་བརྡ་སློབ་གསོ་གནང་།
དྲུག་པ། ཚོགས་ཚུལ་དང་འདོན་ཆོས་ཀྱི་རིམ་པ། འདུ་ཁང་ནང་དུ་ཚོགས་ལ་ཉིན་རེ་ཐེངས་གཅིག་རེ་དང་དེའི་སྐབས་འདོན་ཆོས་གཙོ་བོ་གྲྭ་ཚང་རང་གི་རྒྱུན་གཏན་གྱི་འདོན་པ་གུར་ཆོག་དང་། གནས་བཅུ། ༧ གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས། རེབ་གོང་སྐྱབས་མགོན་གྱི་ཞབས་བརྟན་གསོལ་འདེབས། གཞན་སྨོན་ལམ་དང་འདོན་བཅོལ་རྣམས་ཡིན། ཕྱི་དྲོའི་དམ་བཅའ་ཆེན་མོ་དང་། དགུང་མོའི་སྐོར་ཚོགས་དམ་བཅའ་གཉིས་ཆོས་གྲྭའི་ནང་དུ་ཚོགས་པ་ཡིན་ལ། དམ་བཅའ་ཆེན་མོའི་ཐོག་འདོན་པ་འཇམ་དཔལ་མཚན་བརྗོད་དང་།རྗེ་བཙུན་ཆོས་རྒྱལ་མ་བཅས་གསུངས་པ་ཡིན། དེའི་སྐབས་དམ་བཅའ་ལྟ་མཁན་སྐྱ་སེར་གཉིས་ཀའི་མཇལ་བ་མང་པོ་ཡོད་པ་མ་ཟད། སློབ་གྲྭ་ཆེན་མོ་རྣམས་ཀྱི་སློབ་དཔོན་ཆེན་མོ་དང་དགེ་རྒན་ཡང་མང་པོ་ཕེབས་ནས་ཚད་མ་རྣམ་འགྲེལ་ལས་འཕྲོས་པའི་རིག་པའི་གཞུང་ལ་གསན་སྦྱང་དང་འབྲེལ་བའི་སྒོ་ནས་བརྩི་
མཐོང་དང་དད་མོས་བཞིན་ཡོད་ལ། དེ་ནི་སློབ་གྲྭ་ཆེན་མོ་དང་དགོན་སྡེ་ཁག་བར་གྱི་སློབ་གསོ་བརྗེ་རེས་དང་མཐུན་ལམ་ཡག་ཤོས་ཞིག་ཏུ་གྱུར་ཡོད།
བདུན་པ། མཇུག་བསྡུ་བ། ཉིན་ཐ་མའི་དམ་བཅའ་ཆེན་མོའི་སྟེང་ཁྲི་ཟུར་ཁ་སོ་རིན་པོ་ཆེ་ནས་ད་ལོའི་འཇང་དགུན་ཆོས་འདིའི་དགེ་མཚན་དང་འབྲེལ་ནས་ནང་ཆོས་ངོ་སྤྲོད་རོབ་ཙམ་གནང་བ་མ་ཟད། མཇུག་ཏུ་ད་ལོའི་འཇང་དགུན་ཆོས་འདིའི་དགེ་བའི་རྩ་བ་རྣམས་བླ་མེད་རྫོགས་བྱང་དུ་བསྔོ་བ་དང་ཆབས་ཅིག་འདིའི་དགེ་བའི་རྩ་བ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སེམས་ཅན་གྱི་བདེ་སྐྱིད། ནང་སྒོས་༧གོང་ས་
ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་རི་རྒྱལ་ལྷུན་པོ་བཞིན་བརྟན་པ་དང་། མཛད་འཕྲིན་འཛམ་གླིང་མཐའ་དབུས་ཡོངས་ལ་རིས་མེད་དུ་ཁྱབ་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་། མི་རིང་བར་སྐུ་ཉིད་གཙོས་འཁོར་འབངས་རྣམས་བོད་ཡུལ་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ནས་གཞི་བྱེས་ལྷན་འཛོམས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཁ་ཚ་དགོས་གཏུགས་ཅན་མང་པོ་གསུངས་སོང་། གཞན་རེབ་གོང་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དང་། ཁྲི་ཟུར་རོང་བོ་ཚང་། ཁྲི་ཟུར་ཁ་སོ་ཚང་རྣམ་པ་གཙོ་བྱས་པའི་རེབ་གོང་དད་ལྡན་རོང་འབྲོག་
མང་ཚོགས་རྣམས་ཀྱིས་འཇང་དགུན་ཆོས་སྟེང་ཕེབས་པའི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་པས་དགེ་འདུན་པ་རེ་ལ་དམངས་སྒོར་སུམ་སྟོང་སུམ་བརྒྱ་ཙམ་དང་། མར། གོ་རེ། རྩམ་པ་སོགས་འབུལ་བ་གྱ་ནོམ་པ་ཐོབ་ཡོད། དེ་མིན་ཚོགས་དབུས་སུ་དགེ་བསྐོས་ཀྱིས་སྐྱབས་འཇུག་དང་འབྲེལ་ནས་ནད་ཐོག་ལ་སྨན་དང་དུས་ཐོག་ལ་ཆར་ཟེར་བ་ལྟར་ཚོགས་གཏམ་རྒྱས་པ་ཁ་ཚ་དགོས་གཏུགས་ཅན་ཞིག་བཏང་སོང་། མདོར་ན་ད་ལོའི་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ་འདི་ལྟ་བུ་ཞིག་ཚོགས་པའི་རྟེན་འབྲེལ་བསླུ་བ་མེད་པའི་མཐུ་སྟོབས་ལ་བརྟེན་ནས་མི་རིང་བར་གངས་ལྗོངས་ཆོས་ཀྱི་ཞིང་ཁམས་སུ་ཆོས་སྲིད་རིག་གནས་དང་དཔལ་འབྱོར་མངའ་ཐང་དར་རྒྱས་སུ་འགྲོ་བ་དང་། ཁྱད་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ནོར་སྐད་དང་ཡི་གེ གོམས་གཤིས་བཟང་བོ། ནང་སྒོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུན་ནས་ཡུན་དུ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་བ་ལགས།

4 Comments on བོད་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ་ངོ་སྤྲོད་མདོར་བསྡུས།

  1. རེབ་གོང་འདི་ཚོ་ངོ་ཚ་རྒྱུ་ཞི་མེད་གི གཙང་དགོན་པ་དང་རྭ་རྒྱ་དགོན་གཉིས་ལ་ཞུ་བ་བྱས་ནས་འཇང་དགུན་ཆོས་རེབ་གོང་ལ་འཚོགས་དགོས་ཚུལ་བརྗོད། དེར་འཚོགས་པ་དང་ཕྱི་ལོག་ལ་རེབ་གོང་གི་འཇང་དགུན་ཆོས་ཟེར་བ་ཞིག་བཏགས་ནས་གང་སར་གསལ་བསྒྲགས་ཞིག་སྤེལ་ཁུལ་བྱེད་ཀྱི་འདུག ངོ་མ་བཤད་ན་འཇང་དགུན་ཆོས་འདི་འཚོགས་ནས་ལོ་ངོ་བཅུ་གྲངས་ཞིག་སོང་ཟིན་པ་རེད་རེབ་གོང་ཚོ་ད་གཞི་ནས་ནམ་ལེང་ཡིན་པ་འདྲ།

  2. མི་ལོ་ལྔ་བཅུ་རྩ་གྲངས་རིང་རྒྱ་ནག་གིས་མཚམས་བཅད་པའི་རེབ་གོང་གི་འཇང་དགུན་ཆོས་དེ་ད་ལོ་བསྐྱར་གསོ་གནང་ཐུབ་པ་བྱུང་བར་དགའ་སྤྲོ་ཆེ་ཞུ།

  3. གཙང་དགོན་པ་དང་རྭ་རྒྱ་དགོན་གཉིས་ལ་ཞུ་བ་བྱས་ནས་འཇང་དགུན་ཆོས་རེབ་གོང་ལ་འཚོགས་དགོས་ཚུལ་བརྗོད་པདེ་ཁྱེད་ཀྱིས་ཅི་ཡང་མ་གོ་བས་ལན་པ་རེད།
    གལ་ཏེ་གཙང་མགོན་དང་རྭ་རྒྱ་དགོན་གཉིས་ལ་མཉམ་འབྲེལ་བྱེས་ཡོད་ཨ་མདོ་རེབ་གོང་གི་འཇང་དགུན་ཆོས་ཟེར་ནི་མ་རེད།
    ལྷག་པར་དུ་རེབ་གོང་ནས་འཇང་དགུན་ཆོས་འཚོགས་ན་གཙང་རྭ་རྒྱ་གཉིས་ལ་ཞུ་བ་བྱེད་དགོས་དོན་ཡོད་ནི་མམ་རེད།
    ད་རུང་སྔོན་ཆེད་ཁོ་ཚོས་རོང་བོ་དགོན་པ་ལ་བཤད་ནས་ས་དེ་ནས་ཅིག་འཚོགས་རོགས་ཞེས་བསྐུལ་མ་བྱས་ནི་རེད་ཟེར།
    འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གི་ད་བར་དུ་འཚོགས་མ་ཐུབ་པ་རེད་ཟེར།
    ད་ལོ་འཚོགས་པ་འདི་ཡང་གཞན་ལ་རྟེན་པ་མ་ཡིན་པར་རང་རྐྱ་ཐུབ་པའི་སྒོ་ནས་འཚོགས་པ་ཡིན་ཟེར།
    དེ་མིན་ན་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཟེར་རྒྱུ་མ་རེད་བསམ།
    འདི་ཁོ་ཚོས་བཏགས་པའི་ཁ་བྱང་ལ་བསམ་ནས་ཁོ་བོས་བྲིས་པ་ཡིན།

  4. དེ་ཞིག་ད་ཨེ་ཡིན་ན་རེབ་གོང་རོང་པོ་དགོན་ཆེན་གྱིས་གཙང་ར་གཉིས་ལ་རེ་བ་རྒྱགས་དོན་ཁྱོན་ནས་ཡོད་པ་མ་རེད་གང་ཡིན་ཟེར་ན་གཙང་ར་དེ་འདྲའི་ཡག་པོ་ཞིག་ཡོད་ན་རེབ་གོང་ལ་སློབ་གཉེར་དུ་འོངས་དགོས་དོན་ཡོད་ནི་མ་རེད།

Leave a comment

Your email address will not be published.

*