ཐང་གི་རྡོ་ལེན་སར་རུམ་གྱི་བྲོ་ལྷུང་།

  • མགོ་ལོག་ཟླ་བྷེ།

    གནའ་དེང་གི་རིག་གཞུང་།ལུགས་སྲོལ།གོམས་གཤིས་སོགས་ལས། སྙིགས་དོར་བཅུད་ལེན་ལ་འཇུག་ལྡོག་མཁས་དགོས་རྒྱུ་ནི།དུས་རབས་གསར་བ་འདིར་ཤིན་ཏུ་ནས་གལ་འགངས་ཆེ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལ།འདིར་ཁ་ཚ་དགོས་གཏུགས་ཀྱིས་ཞུ་འདོད་པ་ཞིག་ནི། ང་ཚོའི་མི་རིགས་འདི། ལོ་རྒྱུས་ཀྱི་རྒྱུན་རིང་།བྱུང་བ་ལ་བརྗིད་ཆེ། རིག་གཞུང་གི་རྫོང་མཐུག བྱམས་དང་སྙིང་རྗེ་ཆེ། ལས་དང་རྒྱུ་འབྲས་བརྩི། ཁྲེལ་དང་ངོ་ཚ་ཤེས།དཔའ་མཛངས་སྤོབས་པ་ལྡན།ཡ་རབས་ཀུན་སྤྱོད་འཛོམས། ལེགས་ཉེས་འཇུག་ལྡོག་མཁས། ཕྱི་ཐག་བློ་གཏད་འཕེར་ལ་སོགས་པའི་གཏམ་སྙན་མོ་མང་ལ།དོན་དུ་ཡང་ཡོན་ཏན་གྱི་ཆ་ཤིན་ཏུ་མང་བ་བཤད་མ་དགོས་པ་རེད། དེ་དང་སྦྲགས་ནས་སྐྱོན་ཆེ་ཤོས་ཤིག་ནི།
    བྱ་བ་གང་ལ་ཞུགས་ཀྱང་ཚད་དང་ཚོད་མི་ཟིན་པར་མཐའ་ལ་ལྷུང་འགྲོ་བ་དང་། ཅོལ་ཆུང་གཡམ་རྒྱུག་འུར་མོ་ཁྱི་ཞོགས་བྱེད་རྒྱུར་ཤིན་ཏུ་དགའ། དེ་ལྟ་ན། སྙིགས་དོར་བཅུད་ལེན་ལ་འཇུག་ལྡོག་མཁས་པོ་དང་།རང་ཚུགས་བརྟན་པོ་ཞིག་མེད་ན།མི་རིགས་འདིའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ།ཆོས་སོགས་རིག་གཞུང་། ལུགས་སྲོལ་གོམས་གཤིས་སོགས་མིང་གི་ལྷག་མར་འགྱུར་རྒྱུའི་ཉེན་རྟགས་དམར་པོ་ཀུན་ནས་ཤར་ཡོད། དེའི་དཔེ་མཚོན་ཆུང་ངུ་ཞིག་ཞུས་ན། དེང་དུས། བོད་གཞིས་བྱེས༼མཁྱེན་ཡངས་རྣམ་པ་ཕུད༽གཉིས་ནས། བོད་གངས་ཅན་མདོ་དབུས་ཁམས་གསུམ་གང་གི་ལུགས་སྲོལ་ཡང་མིན་པར།ཕྱི་གླིང་པའི་ཡེ་ཤུའི༼ཡེ་ཤེས༽ཆོས་ལུགས་དང་འབྲེལ་བར་བཤད་པའི་དུས་ཚོད་ངོས་འཛིན་དང་སྦྲགས་ནས་འཚམས་ཞུ་ཤིས་བརྗོད་དེ།ཞོགས་པ་བདེ་ལེགས། སྔ་དྲོ་བདེ་ལེགས། ཉིན་གུང་བདེ་ལེགས། ཕྱི་དྲོ་བདེ་ལེགས།དགུང་མོ་བདེ་ལེགས། མཚན་གུང་བདེ་ལེགས་སོགས། བརྡ་འཕྲིན་དུས་རབས་ཀྱི་འཕྲིན་ཕྲན་སོགས་བརྒྱུད་ནས་ཡིག་ངག་གཉིས་སུ་བེད་སྤྱོད་ཤུགས་དྲགས།གཏོང་བཞིན་པ་འདི་ཡང་ཚབ་མཚོན་གཅིག་རེད་འདོད།
    ༡༽ དེ་ལ་རུས་མེད་ཨ་གསར་རིང་ལུགས་པ་རྣམས་ན་རེ། འདི་དག་དུས་རབས་གསར་བའི་དཔལ་ཡོན་ནང་འདྲེན་ཡིན་ནོ་ཟེར་སྐད། དེ་ནི་མཐོང་རྒྱ་དམན་པའི་དེ་ཉིད་ལུག་པ་ཙམ་ལས་གཞན་མེད་དེ། ཞོགས་པ་བདེ་ལེགས་སོགས་ཕྱི་གླིང་པའི་ལོ་ཉིས་སྟོང་ལྷག་གི་ལུགས་སྲོལ་ཞིག་ཡིན་པ་ལས་དུས་རབས་གསར་བའི་ཡོངས་ཁྱབ་ཁྱད་གསར་ཞིག་མིན་པ་དང་།དེ་ལས་ཀྱང་ནང་འདྲེན་མ་བྱས་ཐབས་མེད་ཀྱི་སྤྱི་སྒེར་འཚོ་བའི་འཕྲལ་ཕུགས་ཀྱི་དགོས་མཁོ་སྒྲུབ་བྱེད་རིག་འཕྲུལ་གསར་བ་ཕན་ཁེ་ཅན་དག་དང་ཡང་འདི་གཏན་ནས་མི་འདྲ་བ་ཤེས་པར་འཚལ།
    ༢༽ཡང་མདོ་མེད་གཡམ་རྒྱུག་རིང་ལུགས་པ་སྐོར་ཞིག་གིས་བཤད་རྒྱུར། འདི་བོད་རང་གི་ལུགས་སྲོལ་ཞིག་ཡིན་པ་འདྲ་ང་རང་གི་ཕ་ཡུལ་གྱི་འཚམས་འདྲི་བྱེད་སྟངས་ཤིག་མིན་ཡང་།བོད་ཀྱི་ཡུལ་ལུང་གཞན་ཞིག་གི་རེད་སྙམ་མོ་ཟེར་ནས་ཚོད་དཔག་སྒེར་གཅོད་བྱེད། དེར་ཞུ་རྒྱུར།བརྡ་འཕྲིན་དུས་རབས་འདི་མ་དར་ཡར་སྔོན་ལ་ཁྱོད་ཀྱི་ཕ་ཡུལ་ནས་ཕ་མ་རྒན་རབས་ཚོའི་ཞོགས་པ་བདེ་ལེགས་སོགས་ཟེར་གྱིན་མེད་ན་དེས་འཐུས། གཞན་ལ་བརྟག་དཔྱད་མ་བྱས་པར་སྙམ་ཚོད་ཧམ་བཤད་མ་བྱེད་རོགས།བོད་ཀྱི་ཆོས་ལུགས་ངག་འདོན་ཞིག་ཏུ། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཟེར་བ་ཞིག་ལས།གཞན་རྒྱལ་རབས་ལོ་རྒྱུས།ཕ་མེས་ངག་རྒྱུན་སོགས་ལས་མདོ་དབུས་ཁམས་གསུམ་གང་གི་འཚམས་འདྲིའི་ལུགས་སྲོལ་ཞིག་མིན་པར་རྒྱུས་ལོན་སྣ་མང་བརྒྱུད་ཁ་ཚོན་གཅོད་ཐུབ།
    ༣༽ཡང་ཚུགས་མེད་ཇོ་བཟང་རིང་ལུགས་པ་དག་གིས་ནི་འདི་ལྟར་ཏེ།ཞོགས་པ་བདེ་ལེགས་སོགས་དུས་ཚོད་ངོས་འཛིན་ཅན་གྱི་འཚམས་འདྲི་ཤིས་བརྗོད་བྱེད་སྟངས་འདི།བོད་རང་གི་ལོ་རྒྱུས་སྟེང་གི་ལུགས་སྲོལ་གོམས་གཤིས་ཤིག་མིན་པ་དང་། དུས་རབས་གསར་བའི་ཁ་ཚ་དགོས་གཏུགས་ཀྱིས་ནང་འདྲེན་མ་བྱས་ཐབས་མེད་ཀྱི་ལེགས་ཆ་ཞིག་ཀྱང་མིན་པ་བདེན་ན་ཡང་། འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཀྱི་ཆ་ཞིག་ཡིན་པ་བསྙོན་དུ་མེད་པས་བོད་དུ་དར་ཡང་སྐྱོན་ཆེར་མེད་དོ་ཟེར།
    ཚུགས་མེད་ཇོ་བཟང་རིང་ལུགས་པའི་སྐད་ཆ་འདི་ནི།གོང་གི་རུས་མེད་ཨ་གསར་རིང་ལུགས་པ་དང་། མདོ་མེད་གཡམ་རྒྱུག་རིང་ལུགས་པ་གཉིས་ཀྱི་སྐད་ཆ་ལས་ཀྱང་ཉེན་ཁ་ཤིན་ཏུ་ཆེ་སྟེ། རྒྱུ་མཚན་གོང་གི་དེ་གཉིས་ཀྱི་སྐད་ཆ་ནི་རྫུན་རྫུན་རྐྱང་ཡིན་པས། བརྟག་དཔྱད་བྱས་པ་ཙམ་གྱིས་རྟོགས་སླ་བ་དང་། ཁྱོད་ཀྱིས་རྒྱུ་མཚན་ལྟར་སྣང་བ་བསམ་བློ་ཞིབ་མོ་མ་བཏང་ན་སྐད་ཆ་བདེན་བདེན་འདྲ་བ་འདི་བཤད་པས། ང་ཚོའི་མི་མང་སྤྱི་བྱིངས་ཀྱི་ཁ་ཕྱོགས་ལོག་བཞིན་པ་ལ།མེ་འབར་ཐོག་ཏུ་རླུང་གིས་རམ་འདེགས་ལྟ་བུའི་གཡོ་ཐབས་ཁྱད་པར་བ་ཞིག་གོ། དེ་ལ་ཞུ་རྒྱུ་ནི།ཞོགས་པ་བདེ་ལེགས་སོགས་དུས་ཚོད་ངོས་འཛིན་ཅན་གྱི་འཚམས་འདྲི་ཤིས་བརྗོད་བྱེད་སྟངས་འདི།བོད་རང་གི་ལོ་རྒྱུས་སྟེང་གི་ལུགས་སྲོལ་གོམས་གཤིས་ཤིག་མིན་པ་དང་། དུས་རབས་གསར་བའི་ཁ་ཚ་དགོས་གཏུགས་ཀྱིས་ནང་འདྲེན་མ་བྱས་ཐབས་མེད་ཀྱི་ལེགས་ཆ་ཞིག་ཀྱང་མིན་པ་མངོན་གསལ་ཡིན་པ་ཁྱོད་ཀྱིས་ཀྱང་ཁས་ལེན་ན།འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཀྱི་ཆ།འཚམས་འདྲི་དང་ཤིས་བརྗོད་བྱེད་སྟངས་ང་ཚོ་ལའང་མེད་པ་དང་།གཞན་ནས་ནང་འདྲེན་མ་བྱས་ན།ང་ཚོའི་ཡབ་མེས་གོང་མ་རྣམ་པས་མི་དང་མིའི་བར་གྱི་ཐོག་མའི་འབྲེལ་ལམ། ཁམས་འདྲིའམ་འཚམས་འདྲི་ཤིས་བརྗོད་ཀྱི་སྤྱོད་བཟང་ཙམ་ཡང་ང་ཚོ་ལ་བརྒྱུད་བཞག་བྱས་མེད་པ་ག་ལ་ཡིན། དཔེར་ན།དབུས་གཙང་ཕྱོགས་སུ༼བདེ་བོ་ཡིན་པས།༽༼དཀའ་ལས་ཁག་སོང་ངམ།༽༼བཀྲ་ཤིས་བདེ་ལེགས།༽སོགས་དང་།མདོ་ཁམས་ཕྱོགས་སུ༼དཀའ་ཨེ་ཐལ།༽༼བདེ་མོ་ཡིན་ནམ།༽༼བདེ་འཚམས་ཡིན་ནམ།༽༼དབུ་བརྒྱལ་ཨེ་རིག༽༼འོ་བརྒྱལ་ཆེ་བྱུང་ངམ༽སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྤྱོད་བཟང་ཤིན་ཏུ་མང་། ༼གད་པ་ཆེ་ས་ནས་རྡིབ། སྲོལ་བཟང་ཆུང་ས་ནས་ཉམ༽ཟེར་བ་ལྟ་བུར་འགྱུར་ཉེན་ཆེ་བས། ང་ཚོ་རང་ལ་ཡོད་པའི་ལུགས་སྲོལ་གོམས་གཤིས།ཐུན་མིན་ཀྱི་ཁྱད་ཆོས་ཅན། དུས་རབས་ནས་དུས་རབས་ནམ་དང་གང་དུའང་བེད་སྤྱོད་ཀྱི་རིན་ཐང་ཡོད་པ་དག་དང་། ཡང་ན་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་རིགས་དག་ནི། རང་རིགས་གྱི་ཚེ་སྲོག་དང་འབྲེལ་བ་དམ་པོ་ཡོད་པར་མཐོང་བས།ཕུ་ནུ་མིང་སྲིང་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་སྒོ་ཀུན་ནས་གཟབ་ཅིང་འབད་པས་སྲུང་སྐྱོབས་མཛད་པར་གུས་ཕྱག་གྲངས་མང་དང་བཅས་རེ་སྐུལ་སྙིང་ནས་ཞུ་ཞུའོ།། ཞེས་ག་ལ་ཟ་བྷ་རུ་འབོད་པས་བོད་རྒྱལ་ལོ་༢༡༤༠ཆུ་སྦྲུལ་བརྒྱད་པ་ཕྱི་མའི་ཚེས༡༣ལྷག་དཀར་ལ་བྲིས་ནས་ཕུལ།

    བདེ་འཚམས་ཡིན་ནམ་སོགས་བོད་ཀྱི་སྲོལ་བཟང་།།
    གཅིག་རྗེས་གཉིས་མཐུད་ཀྱིས་དབྱིངས་སུ་ཡལ་སོང་།།
    ཞོགས་པ་བདེ་ལེགས་སོགས་གཞན་གྱི་ལུགས་སྲོལ།།
    མ་བསྐུལ་དང་བླངས་ཀྱིས་གནམ་སར་བསྒྲགས་སོང་།།

  • Leave a comment

    Your email address will not be published.

    *