Posts tagged: བྱ་དོར་ཕུན་ཚོགས་དབང་ཕྱུག།

དྲན་གདུང་གི་མཚོ་མོར་སྦྲུམ་པའི་ ཕ་ལོའི་འཛུམ་ཞལ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    (ཁྱོད་རང་ནམ་ཡང་ཕྱིར་ལོག་མི་ཉན། ས་ཆ་དེ་གར་གཏན་སྡོད་བྱེད་རོགས། ཞེས་ ༢༠༠༩ ཟླ་ ༢ ཚེས་ ༡༠ ཉིན་མི་གཤིས་ཟོལ་བྲལ་གྱི་ཨ་ཕའི་ཞལ་ཆེམས་འབྱོར་རྗེས།)


    དུས་རབས་ཀྱི་འཐོར་རླུང་རྩུབ་མོས་ས་སྒང་གི་རྨི་ལམ་བསིལ་བུར་གཏོར་བའི་མཚན་ལྗོངས་རིང་མོ་དེའི་འགྱུར་ཁུག་ཁྲོད། ཁོ་བོའི་ལས་དབང་གི་རྣམ་ཤེས་ཕྲ་མོའི་འབོད་པ་སྙི་མོས། ཨ་ཕ་ལགས། ཁྱེད་རང་ཆེས་མཐའ་མའི་གཤགས་བཅོས་ཀྱི་སྟེགས་བུ་ལས་བསྐྱར་དུ་མི་ཡུལ་ལ་ལོག་པའི་སྟེས་དབང་གི་རྒྱལ་ཁ་དཀར་པོ། ཁྱིམ་གཞིས་ཆུང་ཆུང་དེའི་བླ་སྲོག་གི་མེ་ལྕེ་སྦོར་བའི་ལྷ་ཡི་དཔལ་འབར་དུ་གྱུར་པའི་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ལ་གླུ་སྙན་མོ་དེ་བཞིན། དུས་རབས་ཕྱེད་ཡོལ་གྱི་བྱ་ལམ་བཅད་
    པའི་དོ་ནུབ་ཀྱང༌། སྲིད་པ་ཆགས་གླུའི་ངག་སྒྲུང་ལྟར། འུ་ཚང་གི་ཁྱིམ་མི་རེ་རེའི་མགྲིན་པའི་དབྱངས་རྟར་འཁྱུད་པ་ཁྱེད་ཀྱིས་གསན་པ་ཨེ་བྱུང༌།
    ཁ།
    ཤིན་ཏུ་ཉམ་ཆུང་ཞིང༌། དམར་ཁྲག་དང་ལྗན་ལྗིན་གྱིས་སྦགས་པའི་ཁོ་བོའི་སྒྱུ་ལུས་རྡོག་པོ་མཐོང་ཐེངས་དང་པོར། ཁྱེད་རང་དགའ་སྤྲོ་དང༌། རེ་འདུན་ཁྲི་ཕྲག་དུ་མའི་མཚོ་ཀློང་དུ་གཡེངས་ནས། དུས་ཚོད་ཀྱི་ཚག་སྒྲ་ཅི་ཙམ་འདས་མིན་གཏིང་བརྗེད་དུ་སོང་བའི་ཤོད་ཚུལ་དེ། ལྷད་མེད་པའི་འཇིག་རྟེན་འདིར་ཁྱེད་ཀྱིས་བདག་ལ་བཅངས་པའི་ཆེས་ཐོག་མའི་ཕ་ལོའི་བརྩེ་འདང་དང༌། མྱི་ཡུལ་གྱི་དྲོ་སྐྱིད་སྣུམ་པོ་ཤ་སྟག་ཡིན་ལ། འོ་ཞུན་ལས་དྭངས་བའི་ཕ་བུའི་དུང་ཀ་ཟབ་མོ་དག་དཀར་ཞིང་གཙང་བའི་ཁ་བའི་འདབ་མ་དང་ལྷན་དུ། ངའི་ཁོར་ཡུག་གང་སར་དལ་བུར་བབས་པའི་ངོ་མཚར་གྱི་བཙས་སྟོན་དེ་ནི་ཇི་འདྲའི་དྲན་འོས་པ་ཞིག་རེད་ཨང༌། དེ་ལས་མང་། »

  • བརྩེ་འདང་གི་སྲད་བུར་བསྟར་བའི་འཛུམ་ཀོང་རེ་རེ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    ས་རུབ་དུས་ངས་ཁོ་མོ་དྲན་འོངས་ཤིང༌།
    རྨི་ལམ་གྱི་ཞིང་དུ་རྟག་ཏུ་ཁོ་མོའི་རྒྱབ་གཟུགས་མངོན་པས།
    བརྩེ་འདང་གི་སྲད་བུར་བསྟར་བའི་འཛུམ་ཀོང་རེ་རེ།
    མེ་ཏོག་ལྟར་ཡིད་འོང་གི་ངང་ཚུལ་དུ་བཞད།

    ཟླ་ངོགས་ཀྱི་དྲན་འཆར་ཐོར་བུ།
    སྙན་ངག་དང་མིག་ཆུའི་མཚེའུར་འཁྱིལ་ཞིང༌།
    བསིལ་རླུང་གི་ཤུགས་བསྟན་ཁྲོད་འཕུར་ཀྱིན་པའི་ཁེར་ཟླ།
    དོ་ནུབ། ངའི་ལས་དབང་གི་འགྲེལ་སྟངས་དམར་སྐྱ་དེ་མིན་ནམ་སྙམ།

    མཚན་གུང་གི་བསམ་གཞིག་རིང་པོ།
    བར་སྣང་གི་ཕོ་བྲང་ན། གཙང་ཆབ་ལྟར་བཞུར་དུས།
    ཉི་མའི་དབྱངས་རྟ་དང༌། དུས་ཚིགས་གཞན་ཞིག་གི་ཆོ་ལོ།
    བརྩེ་དུངས་ཀྱི་བརྙས་བཅོས་ཡིན་ངེས།

    སྐར་མདའ་གཅིག་ཤེད་ཀྱིས་ཕྱུང་བ།
    ལས་འཕྲོ་ཞིག་སིལ་བུར་འཐོར་བའི་བརྡ་རུ་གོ་ན།
    ལོ་དེའི་སྟོན་ཁར།
    ངང་མོ་ཟུང་ཕྱོགས་ཕྱོགས་སུ་འཕུར་དགོས་པ་མཐོང༌།

  • སྣུམ་ཤིག་ཤིག་གི་སྤང་ལྗོངས་ངོགས་སུ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དབེན་ཐང་ཐང་གི་ལུང་ཁུག་དེ་ནས།
    མི་ཚེ་ལས་དཀའ་སྡུག་རིང་པའི་ལོ་ཟླ་སྲིང་སྐབས།
    ཆར་རླུང་དང་སྨུག་རྒྱུ་འཐབ་པའི་ལ་རྩེ་ན།
    ཁྱེད་ཀྱི་ལང་ཚོར་དར་ལྕོག་གིས་འཕྱ་བརྙས་བྱེད།
    གྲང་ངར་གྱི་མདུན་དུ་མེ་ཐབ་ལ་གཅེས་ཤིང༌།
    ཁེར་རྐྱང་གི་ནམ་ཟླ་སི་གླུ་ལ་གཡེང༌།
    ད་དུང༌། མཚན་མོ་མང་པོ་ཞིག་གི་མིག་ཟུང་སྒྲིམ་ཏེ།
    རི་སྤྱང་ལ་རྐང་ལག་འཇབ་ཀྱིན།
    བྱ་གླག་གི་གཤོག་སྒྲར་བླག་གིན།
    སྐར་ཚོགས་ཀྱི་ལས་དབང་ལ་འཁྲེང་སེམས་ལྕི་བས།
    ངག་རྒྱུན་གྱི་རི་ཉག་དེ་རུ།
    ཀི་རིང་དང་འུར་ཆ་བརྡེགས་པའི་སྒྲས།
    གཞིས་བདག་གི་རྨི་ལམ་དཀྲོག
    སྣུམ་སྣུམ་ཤིག་ཤིག་གི་སྤང་ལྗོངས་ངོགས་སུ།
    མེ་ཏོག་ལས་མཚར་བའྀ་བུ་མོ་གཅིག་གིས།
    སྤང་རྒྱན་མེ་ཏོག་གི་ངང་ཚུལ་གླེང་རུང༌།
    ཡང་བསྐྱར་གྱི་དུས་ཚིགས་ལ།
    ཟླ་བ་མེད་ན་ཤ་ཟན་ཤིན་ཏུ་མང་བས་་་་་་་་

  • སྣ་ཚོགས་སེམས་ཀྱི་ཟུག་རྔུ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དྲི་མེད་ཞོ་གསར་སྤྲིན་གྱི་ཁྲི་འཕང་ན་འགྱིངས་པའི།།
    ཚངས་པའི་བློ་ལ་ཅོ་འདྲི་དགྲ་བཅོམ་གྱི་རྒྱལ་པོ།།
    ལས་དང་རྒྱུ་འབྲས་ཁས་ལེན་བྱེད་མུས་ཤིག་ཡིན་རུང༌།།
    ཁོ་བོ་སེམས་ནད་མལ་ལས་ཐར་དུས་ཤིག་མི་འདུག།

    ཡ་གིའི་དཀོན་མཆོག་གསུམ་ལ་དད་མཆོད་ཀྱི་བཀུར་དང༌།།
    མ་གིའི་ངན་སློང་དག་ལ་སྦྱིན་པ་རང་སྩལ་རུང༌།།
    འཚོ་གནས་ངལ་བས་ལུས་པོའི་ཟུངས་བཅུད་ཀུན་ཉམས་པའི།།
    རྒྱུ་འབྲས་ཆ་མི་སྙོམས་པའི་ལས་དབང་དེ་གང་ཡིན།།

    མཐོང་བ་དོན་ཡོད་བྱམས་ལྡན་ཕ་མ་ཡི་བསླབ་བྱ།།
    མ་ཉན་ཁོང་ནས་རྒོལ་བའི་པྲ་ཚག་ལ་འབད་པས།།
    ཕོ་རྒོད་དར་མའི་ལ་རྒྱ་གཞན་དབང་དུ་བསྐྱལ་དགོས།།
    འཁོར་བའི་རྣམ་སྨིན་མིན་པའི་གཏན་ཚིགས་དེར་སུས་འགྲེལ།།
    དེ་ལས་མང་། »

  • ཞོགས་དུང༌། གངས་ཨ་མའི་སེང་སྨྱོན།

  • ཁ་བྱང་གི་འགྲེལ།དེ་ནི་རྨི་ལམ་གྱི་གོ་རིམ་ཞིག་ཡིན་ཆོག་ཨང༌།
    དེ་ནི་སྒྱུ་འཕྲུལ་གྱི་སྟོང་སྣང་ཙམ་ཡིན་འོས་ཨང༌།

    བྱ་དོར་ཕུན་ཚོགས་དབང་ཕྱུག

    ཀོ་ནག་བཏིངས་བ་དང་འདྲ་བའི་ནམ་མཁའ་རལ་བོ་དེའི་འོག་ཏུ།
    གློག་དམར་དང་འབྲུག་སྒྲ་ཡིས་འདར་ཡོམ་འཁྱིལ་ཞིང༌།
    རླུང་འཚུབ་དང་ཆར་དྲག་གི་རྒྱུ་བ་རྒོད་རུང༌།
    ཁྱོད་རང༌། ཅིའི་ཕྱིར་རང་དབང་གི་དཔལ་འབར་མཐོ་ནས་མཐོ་རུ་འགྲེངས་ཏེ།
    སྨག་རུམ་དང་འཇིགས་སྐྲག་གི་མཚན་སྟུག་ལ་རྒོལ།
    ཚེ་སྲོག་དང་ཐ་སྙད་བསྲེགས་པའི་ཡུལ་གྲུ་དེར།
    མཐའ་དམག་གི་འཇབ་རྒོལ་ཕོག་ཉིན་ནས་བཟུང༌།
    གནས་དེའི་ཉི་ཟླར་གཟི་མདངས་བརླགས་ཤིང༌།
    ཕོ་བྲང་དཀར་པོ་དང་དམར་པོ་ཡང༌།
    འགད་རྫས་ཀྱི་རྡུལ་སྨུག་ཁྲོད་དུ་ཡུན་རིང་ནས་ཡུན་རིང་མི་མངོན་པའི་དབྱིངས་སུ་སྤུར།
    དེ་ལས་མང་། »

  • སྟོན་ཁ་དང༌། ངའི་མི་རིགས།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དབྱར་ཁ་སོང་ཤུལ་དུ།
    སྟོན་ཁ་སྔར་བཞིན་སྐྱོ་ལྷང་ལྷང༌།
    ལྷེབ་ལྷེབ་ཏུ་ཟགས་པའི་ཤིང་ལོ་རྣམས།
    གྲང་རླུང་གི་ཟོམ་ཁ་ན་རྒས།

    ལོ་འདབ་རེ་རེ་ཆུ་གཉེར་དང་འགྲན་ཞིང༌།
    གཙང་པོའི་མཁའ་ངོགས་སུ་གཉོམ་གདུང་ངང་འཁྱེར་དུས།
    དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྱིན་པའི།
    ང་ཚོའི་མི་རིགས་དང༌། རིག་གཞུང༌།
    ལེགས་བྱང༌། ད་དུང་་་་་་་་་༌།
    དེ་ལས་མང་། »

  • ངེས་དོན་གྱི་སྤྲུལ་སྐུ་་་་་་་་

  • སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྗེས་དྲན་རྩོམ་ཡིག

    བྱ་དོར་ཕུན་ཚོགས་དབང་ཕྱུག

    གྲང་ཤུར་ཤུར་གྱི་རླུང་བུ་ལྡང་བའི་ནངས་མོར།
    འཁྱག་སིབ་སིབ་ཀྱི་ཁ་བ་འབབ་པའི་ཞོགས་ཀར།
    མིག་ཆུ་ལས་སྐྱུར་བའི་ཕྲིན་པ་མག་མོག་ཅིག་དང༌།
    ཨག་སྐད་ལས་འཛེར་བའི་སྐད་ངག་རལ་བོ་ཞིག་གིས།
    ངའི་སེམས་ཁམས་རྒྱ་མཚོའི་རྦ་རླབས་ལྟར་དཀྲུག་ཅིང༌།
    ཁྱེད་ཀྱི་མི་ཚེ་རླུང་ཁའི་མར་མེ་ལ་སྒྲོན།
    བདེན་ཏེ། ངེས་དོན་གྱི་སྤྲུལ་སྐུ་ལགས།

    ཕ་མེས་ཀྱིས་ཞབས་རྗེས་དཔར་བའི་རྒྱང་རིང་གི་ཞིང་ཁམས་དེ་ན།
    དུས་རབས་ཀྱི་སྨག་རུམ་སྟུག་པའི་གངས་ལྗོངས་ཀྱི་ས་གཞིའི་ངོས་སུ།
    ཁྱེད་ཀྱི། འཚོལ་སྙེག་གི་སྤོབས་པ་དང་བདེན་དོན་གྱི་གླུ་སྒྲ་སྙན་མོས།
    ང་ཚོའི་དགུན་ལྗོངས་ལ་དཔྱིད་དཔལ་གྱི་ལང་ཚོ་སྣོན་ཞིང༌།
    ཁྱེད་ཀྱི། ཞུམ་མེད་ཀྱི་སྙིང་སྟོབས་དང་ཟླ་མེད་ཀྱི་ལ་རྒྱ་ཟབ་མོས།
    ཡུན་རིང་བག་ལ་ཉལ་བའི་མི་རིགས་དེའི་བསམ་པའི་སྒོ་གླེགས་དཀྲོགས།
    དེ་ལས་མང་། »

  • མེ་ཏོག་རྡོ་ཆར་གྱིས་བཅོམ་པའི་ལོ་ཟླ་ཟད་པོར།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    དགུན་རླུང་གི་གྲང་རེག་ལས་སྐྱེན་པའི་ཚོར་འདུ་ཞིག
    སྨུག་སྤྲིན་ལྟར་ངའི་འདུ་ཤེས་ཀྱི་ཟབ་ས་ནས་ལང་ལོང་དུ་འཕྱུར་དུས།
    རྣོ་ལྕགས་ཀྱི་གཙབ་རྡུང་ལས་ལྕི་བའི་ན་ཟུག་དེས།
    བདག་གི་བློ་མཆིན་གྱྀ་གཏིང་རིམ་གང་སར་འཁྱོམ་འགུལ་ཐེངས་ཤིག་བསླངས།

    མེ་ཏོག་རྡོ་ཆར་གྱིས་བཅོམ་པའི་ལོ་ཟླ་ཟད་པོར།
    ཁྲག་ནག་དང་བརླན་གཤེར་འཐབ་པའི་ཆུ་རུལ་ཟམ་མི་ཆད་པས།
    ངའི་སྒོ་ཁ་རུ་སྡུག་བསྔལ་གྱི་ཕ་བོང་དུ་མ་ཚེར་ཕུང་ལྟར་གཟེངས་ཤིང༌།
    མཐོ་སྒང་ན་བེམ་རོ་ལས་གསོན་སྲོག་གི་སྣང་བརྙན་གཏན་དུ་བྲལ་ཟིན་ཟེར།

    འཇིག་རྟེན་གྱི་གསང་མིག་ཆུང་ཆུང་དག་གི་སེར་སྲུབས་ལས།
    སུ་ཞིག་གི་མིག་ཆུ་ཁྲག་ཏུ་བཞུར་བའི་རྨི་ལམ་གསོན་པོ།
    ཕ་མེས་ཀྱི་དུར་ཐང་སྲུང་བའི་གཉེན་པོར་འདོད་རུང༌།
    སྲོད་དུས་ཀྱི་ཡུལ་ལྗོངས་ལ་བསླུ་བྲིད་ཀྱི་རྒྱབ་གཟུགས་སྦྲུམ་ཡོད་པས།
    ཁ་བ་ལས་གྲང་བའི་སྙིང་གཏམ་ཡོད་ཚད་གནས་སྐབས་སེམས་ལ་སྦ་རོགས།
    དེ་ལས་མང་། »

  • ལྷ་འདྲེ་ཆང་གིས་བཟི་བའི་སྐྱུར་གོང་དེ་སྙན་པས།།

    རྩོམ་པ་པོ་གྲགས་ཅན་ཞོགས་དུང་ལགས།

    རྩོམ་པ་པོ་གྲགས་ཅན་ཞོགས་དུང་ལགས།


    རྩོམ་པ་པོ་ཐེའུ་རང་ལགས།

    རྩོམ་པ་པོ་ཐེའུ་རང་ལགས།


    རྩོམ་པ་པོ་ཞོགས་ལྗང་ལགས།

    རྩོམ་པ་པོ་ཞོགས་ལྗང་ལགས།

  • བྱ་དོར་ཕུན་ཚོགས་དབང་ཕྱུག

    མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་མི་བུ་ཞོགས་དུང་དང༌། ཞོགས་ལྗང༌། ཐེའུ་རང་བཅས་རྒྱ་དམར་གྱིས་བཀག་འཇུག་བྱས་པར་གདུང་སེམས་མཚོན་བྱེད་དུ།

    ཉིན་བྱེད་མཁའ་མཐར་ལྷུང་བའི་མཐོ་སྒང་གི་གཡང་ཁྱིམ།།
    སྨག་གི་གཤེད་ཚོགས་གཏུམ་མོས་འཁྱུར་མིད་དུ་གཏོང་དུས།།
    དམར་ནག་རྒྱ་འདྲེ་སྨྱོས་པའི་གདུག་རྩུབ་ཀྱི་བྱེད་ལས།།
    རིགས་པའི་ཁྱེའུ་བཅོམ་པའི་ཆོ་འཕྲུལ་དུ་བཀྱེད་བྱུང༌།།

    སྲིད་པའི་རྒན་མོ་ངུས་པའི་ལྟས་ངན་གྱི་ཆོ་ངེས།།
    མིག་ཟུང་ཁྲག་ལ་རྔམ་པའི་བྱ་རྒོད་དེ་འདྲོགས་པས།།
    རོ་ལངས་དངན་པ་འཆོར་བའི་དུར་ཁྲོད་ཀྱི་ཐང་ན།།
    ཕྱིར་མིག་བོད་ལ་ཅེར་བའི་རྣམ་ཤེས་དེ་སུ་རེད།།

    མ་དག་སྣང་བ་སྐྱོང་བའི་བླུན་ནག་གི་ཁོར་ཡུག།
    གཡོ་སྒྱུའི་ཞགས་ནག་འོག་ཏུ་དབུགས་རྒྱུ་དེ་གཞོམ་པས།།
    འཇིགས་རུང་རླུང་དམར་འཚུབ་པའི་ཁྲོ་སྐད་ཀྱི་དབུས་སུ།།
    གངས་ཀྱི་སེང་གེ་འདར་བའི་ངང་ཚུལ་དེ་མཐོང་ངམ།།

    རླུང་དང་སྐྱི་བསེར་འཐབ་པའི་རྔམ་སེམས་ཀྱི་བར་ན།།
    སྟོན་གྱི་འདབ་ལོ་སེར་པོས་སྐྱོ་གླུ་ཞིག་བླངས་ཐལ།།
    ལས་དང་རླུང་རྟ་རྒུད་པའི་ཆག་སྒོ་ཡི་ཁྲོད་དུ།།
    མི་གཞིའི་སྙིང་སྟོབས་སྤོར་བའི་ཞོགས་དུང་དེ་བརླགས་ཐལ།།
    དེ་ལས་མང་། »

  • ས་བདག་འབྱུང་པོ་ཁྲོས་པའི་རྔམ་སེམས་ཀྱི་མཆེ་རྩེ།

  • བྱ་དོར་ཕུན་ཚོགས་དབང་ཕྱུག་གིས་མྱ་ངན་སྙན་ངག་གསུམ་པ་དེ་བྲིས་ཡོད།

    ས་བདག་འབྱུང་པོ་ཁྲོས་པའི་རྔམ་སེམས་ཀྱི་མཆེ་རྩེ།
    སྐྱེ་རྒུའི་སྲོག་ཐག་གཅོད་པའི་སྒྱོགས་རྡོ་རུ་འགྲིལ་བས།
    རྒྱུ་འབྲས་རྨི་ལམ་ཞིང་དུ་ཡིད་ཆེས་ཀྱིས་གཉིད་པའི༌།
    ང་ཡི་སྤུན་ཟླའི་ལས་དབང་འདི་འདྲ་ཞིག་ཡིན་ནམ།

    བརྩེགས་པའི་ཁང་ཁྱིམ་སྲོག་གཅོད་རྦབ་རྒོད་དུ་སྒྱུར་ཅིང༌།
    བསགས་པའི་རྒྱུ་ནོར་རྡུལ་ཕྱེའི་འཚུབ་མ་ཡིས་བརྐུས་ཤིང༌།
    གཅེས་པའི་ལུས་སྲོག་སྐད་ཅིག་དེ་ཉིད་དུ་བརླགས་པའི།
    མི་ཡུལ་ཆག་སྒོ་དེ་ལ་བཟློག་ཐབས་ཤིག་གནོངས་དང༌།

    རྣོ་ལྕགས་ཨར་འདམ་འཐབ་པའི་ཚེར་མདུང་གི་དབུས་སུ།
    ཚེ་སྲོག་སྟོང་ཕྲག་བརྡབས་པའི་རུས་ཐལ་དེ་འཕྱུར་བས།
    ཅེ་སྤྱང་རྔམ་སེམས་རྒོད་པའི་འཇིགས་རུང་གི་རྨི་ལམ།
    མུན་ནག་མཚན་ཧྲུལ་དེ་ཡིས་ཆོ་འཕྲུལ་ཞིག་མིན་ནམ།

    ལུང་གཞུང་ངུ་སྒྲས་ཁེངས་པའི་སྐྱི་གཡའ་དང་ལྷན་དུ།
    ས་གཞི་ཁྲག་གིས་གཤེར་བའི་དམར་མདངས་ཤིག་སྐྱོམ་པས།
    གནམ་སའི་སྐྱི་ལྤགས་དབྲལ་བའི་ལྟས་ངན་ལ་གཞིགས་ན།
    ཡོད་ཚད་བོད་ལ་སྡང་བའི་ཟློས་གར་ཞིག་ཨེ་ཡིན།
    དེ་ལས་མང་། »

  • WordPress Themes